༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༠ ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་གནས་སྡོད་བོད་མིའི་ས་གནས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་འཛུགས་ཡོད་པ་ལྟར། ཕྱི་ཚེས་ ༡༠ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཐང་ཉོ་མར་ཕེབས་འབྱོར་གྱིས་གཞིས་ཆགས་དང་སློབ་གྲྭར་འཚམས་གཟིགས་དང་འབྲེལ། གཞུང་འབྲེལ་ལས་གཞི་ཁག་ལ་རྟོག་ཞིབ་དང་། ཉོ་མའི་ས་གནས་རྫོང་དཔོན་གཞོན་པ་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཐང་བཀག་གཞུང་དང་། འཕགས་བོད་ས་མཚམས་ཉེ་ཤོས་སུ་ཡོད་པའི་རྒོད་ཡུལ་དུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ས་གནས་བོད་མི་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ས་གནས་དེ་དག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་རང་དབང་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། ལྷག་པར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཐབས་བྱུས་སྐོར་འགྲེལ་བརྗོད་གནང་རྗེས་བྱང་ཐང་ཧན་ལེར་ཕེབས་ཐོན་གནང་།
ཕྱི་ཚེས་ ༡༢ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧན་ལེ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་སྟེ། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བཙན་བྱོལ་བོད་མིའི་དགོས་མཁོ་གཙོ་བོར་བཟུང་ནས་ཕྱག་ལས་གནང་གི་ཡོད་སྐོར་དང་། ད་ལྟའི་འཛམ་གླིང་ནང་གི་བོད་དོན་འཐབ་རྩོད་ཀྱི་གནས་བབ་སོགས་ཀྱི་སྐོར་ངོ་སྤྲོད་གནང་། གཞན་ཡང་ས་གནས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཁྱིམ་ཡན་ལག་སློབ་གྲྭར་འཚམས་གཟིགས་དང་། ས་གནས་ཀྱི་དཔོན་རིགས་མཇལ་འཕྲད་ཀྱིས་ས་གནས་བོད་མིའི་བདེ་དོན་སྐོར་ཞུ་སྐུལ་གནང་རྗེས་བྱང་ཐང་ཆུ་མུར་གནས་སྡོད་འབྲོག་སར་ཡུད་ཙམ་བཞུགས་ཏེ་བོད་མི་འབྲོག་པའི་བདེ་སྡུག་རྒྱུས་ལོན་ཞུས་པ་དང་སྦྲགས། བོད་མི་འབྲོག་པའི་བདེ་དོན་ཞུས་དོན་ཁག་ལ་དགོས་མཁོ་གཞིར་བཟུང་དཀའ་སེལ་ཡོང་ཐབས་འབད་རྩོལ་གནང་རྒྱུའི་ཞལ་བཞེས་གནང་ཡོད། ཕྱི་ཚེས་ ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྱང་ཐང་སུམ་མདོར་འགྲོ་བཞིན་པའི་ལས་གཞི་ཁག་ལ་རྟོག་ཞིབ་དང་། ས་གནས་བོད་མི་རྣམས་ཐུག་འཕྲད་གནང་། ཉིན་དེའི་སྔ་དྲོ་ཨ་རིའི་སྲིད་འཛིན་ཇོ་བྷའི་ཊེན་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅའ་པའི་གཏམ་བཟང་གནས་ཚུལ་ཐོན་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགའ་བསུ་ཞུས་པ་མ་ཟད། ཨ་རི་གཞུང་དང་། ཁྲིམས་ཡིག་དེ་ཉིད་གཏན་འབེབས་ཡོང་བར་ཕྱར་གྲུ་མཉམ་འདེགས་གནང་མཁན་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ལེགས་འབུལ་ཞུས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཐང་ས་སྨད་དུ་ཕེབས་ཏེ། བོད་མི་རྣམས་དང་ཐུག་འཕྲད་གནང་བའི་ཐོག གཞིས་མིའི་བདེ་དོན་ཞུས་པ་ཁག་ལ་གསན་བཞེས་དང་སྦྲགས། དེ་དོན་དཀའ་སེལ་ཡོང་བའི་ཞལ་བཞེས་གནང་རྗེས་ལ་དྭགས་གླེ་རུ་ཕྱིར་ཕེབས་ཀྱིས་ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལ་དྭགས་བྱང་ཐང་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ཡོད།
ཐེངས་འདིའི་འཚམས་གཟིགས་སྐབས་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ནང་སྲིད་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།