༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་ཀིར་ཨི་སི་ཊར་མར་ (Sir Keir Starmer) མཆོག་ལ་འཚམས་འདྲི་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཨིན་ཡུལ་གྱི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྐུ་ཉིད་ཉེ་ཆར་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་པ་དེས་ཨིན་ཇིའི་མི་མང་གིས་སྐུ་ཉིད་ཀྱི་དབུ་ཁྲིད་ལ་ཡིད་ཆེས་དང་གདེངས་ཚོད་ཡོད་པའི་དཔང་རྟགས་ཤིག་རེད། སྐུ་ཉིད་ཀྱི་ལམ་སྟོན་འོག་ཨིན་ཡུལ་མུ་མཐུད་དར་ཞིང་རྒྱས་པའི་ཡིད་ཆེས་ཡོད།
བོད་དང་ཨིན་ཡུལ་དབར་གྱི་ཡུན་རིང་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་བ་དེ་དུས་རབས་བཅོ་བརྒྱད་པའི་དུས་འགོ་ནས་འགོ་འཛུགས་ཀྱིས་རྒྱལ་ཁབ་གཉིས་བར་རིག་གནས་དང་། ཚོང་དོན་གྱི་འབྲེལ་བ་ཡོད་པ་དེར་ང་ཚོས་གཅེས་སྤྲས་བྱེད་ཀྱི་ཡོད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་ཨིན་ཡུལ་གྱིས་རྟག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་བསྟན་ཡོད་པ་ལྟར། དེང་སང་བོད་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་སྐུ་ཉིད་ཀྱི་དབུ་ཁྲིད་འོག་དོ་སྣང་དང་རྒྱབ་སྐྱོར་བསྐྱར་ནན་ཡོང་བའི་ཡིད་ཆེས་ཡོད། སྐུ་ཉིད་ཀྱི་སྲིད་གཞུང་གིས་རྩ་དོན་ལངས་ཕྱོགས་དེ་དག་ལ་རྒྱབ་སྐྱོར་གནང་བ་དེས་ཕྱོགས་གཉིས་ཀྱི་དྲང་བདེན་དང་རང་དབང་གི་འབད་རྩོལ་ནུས་ལྡན་དུ་གྱུར་ངེས་ཡིན་པར་ཐེ་ཚོམ་མེད། ཅེས་འཁོད་ཡོད་པ་བཅས།།