༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཉི་འོང་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་ཚེས་ ༣༠ ཉིན་ཉི་འོང་གྲོས་ཚོགས་སུ་ཕེབས་ནས་དེ་གའི་རྒྱལ་སྤྱིའི་ཚོགས་ཁང་དུ་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བུན་ (Shimomura Hakubun) མཆོག་གིས་དཔལ་ལྡན་ཚོགས་གཙོ་མཆོག་ཉི་འོང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་། དེ་ནས་ཉི་འོང་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པའི་སྐོར་ངོ་སྤྲོད་དང་། བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭའི་སྐོར། རྒྱ་དམར་གཞུང་གིས་བོད་ནང་དྲག་གནོན་སྔར་ལྷག་ཤུགས་ཆེར་གཏོང་བཞིན་ཡོད་པའི་སྐོར་གསུངས་པ་དང་། ཚོགས་ཕེབས་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་ཕྱི་ལོ་ ༢༠༢༥ ལོར་ཊོག་ཁྱོའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་འཚོག་རྒྱུའི་འཆར་གཞིའི་སྐོར་དང་། མ་འོངས་གནང་ཕྱོགས་སྐོར་ངོ་སྤྲོད་གནང་འདུགསྐབས་དེར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བུན་མཆོག་དང་། དྲུང་ཆེ་ཨི་ཤི་ཀ་ཝ་ (Ishikawa) མཆོག་རྣམ་གཉིས་ཀྱིས་གཙོས་ཚོགས་མི་རྣམ་པས་དཔལ་ལྡན་ཚོགས་གཙོ་མཆོག་སྣེ་ལེན་གནང་བ་དང་། ལྷག་པར་བོད་ཀྱི་གནད་དོན་དང་། ཉི་འོང་བོད་ཀྱི་དོན་གཅོད་ཁང་ལ་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉེ་ཆར་རྒྱ་དམར་གཞུང་གིས་མགོ་ལོག་ཏུ་བོད་ནང་གི་སྙན་གྲགས་ཅན་གྱི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་ཏུ་བཅུག་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ཇི་ལྟར་ངོ་སྤྲོད་གནང་བའི་བརྒྱུད་རིམ་སྐོར་ངོ་སྤྲོད། ཕྱི་ལོ་ ༢༠༢༢ ལོར་ཉི་འོང་གྲོས་ཚོགས་ནང་རྒྱ་གཞུང་གིས་བོད་དང་། ཡུ་གུར། སོག་པོ། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱིས་གྲོས་ཆོད་ཅིག་འཇོག་གནང་བར་ཉི་འོང་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག འདི་ལོའི་ཇི་ནི་ཝ་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་ཐོག་ཉི་འོང་གཞུང་ནས་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་སྐོར་གསུངས་པར་ཐུགས་རྗེ་ཆེ་ཞུས་པ། ཉི་འོང་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡིན་པ་དང་། མ་འོངས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་ཊོག་ཁྱོའི་ནང་གོ་སྒྲིག་ཞུ་རྒྱུའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་བ་བཅས་ལ་བསྔགས་བརྗོད་ཞུས་འདུགཉི་འོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཇོ་བྷེ་ཌིན་གྱིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་བྱས་པའི་སྐོར་དང་། ཁྲིམས་ཡིག་འདིའི་ནང་གི་གནད་དོན་གལ་ཆེ་ཁག་ཅིག་ངོ་སྤྲོད་ཀྱིས་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་དངོས་ཡོད་གནས་ཚུལ་ལ་གྲོས་ཚོགས་འཐུས་མི་རྣམ་པས་ངོས་འཛིན་དང་། གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག གཞན་ཡང་དོན་གཅོད་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༧ ཉིན་ཊོག་ཁྱོ་གཙུག་ལག་སློབ་གྲྭ་ཆེན་མོར་ “རྒྱ་གཞུང་གི་གཏན་འཇགས་སློབ་གྲྭ།” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་སྐབས་གཏན་འབེབས་བྱས་པའི་གྲོས་ཆོད་སྒྲོགས་སྦྱང་གནང་འདུག་པ་དང་། གྲོས་ཆོད་དེའི་ནང་བོད་དང་། ཡུ་གུར། སོག་པོ་བཅས་ཀྱི་སྐུ་ཚབ་རྣམས་ལ་སོ་སོའི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཚོགས་པ་བརྒྱུད་གྲོས་ཚོགས་ནང་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭའི་གནད་དོན་དང་འབྲེལ་བའི་ཐོག་གླེང་སློང་དགོས་པའི་འབོད་སྐུལ་ཞུ་དགོས་པ་གསུངས་འདུགཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨི་ཤི་ཀཱ་ཝ་ཨ་ཀི་མཱ་སཱ་ (Ishikawa Akimasa) མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་འབྲེལ་བའི་བཀའ་བསྡུར་གྱི་ལས་རིམ་དབུ་འཛུགས་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྐུ་ཚབ་དོན་གཅོད་རྣམ་གཉིས་ཀྱིས་ཚོགས་ཆེན་གྱི་དམིགས་ཡུལ་དང་། ཊོག་ཁྱོར་ཚོགས་ཆེན་གོ་སྒྲིག་ཞུ་དགོས་དོན་སྐོར་འགྲེལ་བརྗོད་གནང་རྗེས། ཚོགས་ཆེན་གོ་སྒྲིག་དང་འབྲེལ་བའི་མ་འོངས་བྱེད་འཆར་ཐོག་བཀའ་བསྡུར་ལྷུགས་པོ་གནང་འདུག
གཞི་རྩའི་ཉི་འོང་ནི་རང་དབང་དང་ལྡན་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཁྲིམས་ཀྱི་དབང་བསྒྱུར་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་ཚུལ་བཞིན་བྱེད་པ་སོགས་འཛམ་གླིང་ནང་གི་མང་གཙོ་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་གྲས་སུ་ཚུད་ཀྱི་ཡོད། ལྷག་པར་ཉི་འོང་ནང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་མང་ཤོས་ཡོད་པ་དང་། ཉི་འོང་གི་དགོན་སྡེ་དང་། ཤིན་ཊོའི་ཆོས་ལུགས་ཀྱི་སྒྲིག་འཛུགས། མི་མང་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་། བོད་ཀྱི་འཐབ་རྩོད་ཐོག་ལའང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་རེད།དེ་ཉིན་དཔལ་ལྡན་ཚོགས་གཙོ་མཆོག་དོན་གཅོད་ཁང་ལ་གཟིགས་སྐོར་དང་། དེ་རྗེས་ཉི་འོང་དུ་ཡོད་པའི་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། ལོ་རྗེས་མར་ཊོག་ཁྱོར་འཚོག་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ཚང་མས་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་པའི་འབོད་སྐུལ་གནང་ཡོད།
ཐེངས་འདིར་དཔལ་ལྡན་ཚོགས་གཙོ་མཆོག་དང་ལྷན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྒྱལ་མཚན་མགོན་པོ་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །