༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༣༠ ཉིན་ཐའེ་པེ་ཅེན་ཐང་གཞོན་སྐྱེས་ཚོགས་ཁང་ (Chientian Youth Activity Center) དུ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་། ཐའེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ཡུག་མེལ་ཉུད་ (YU, Mei Nu) མཆོག ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ (HUANG, RUEI-ROU) ལགས། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས། ཐའེ་ཝན་ཀྱི་གྲོགས་པོ་དང་བོད་མི་སེར་སྐྱ་མི་མང་ ༥༠༠ ཙམ་མཉམ་བཞུགས་གནང་ཡོད།དེ་ཡང་སྐུ་མགྲོན་གཙོ་བོ་ནས་སྤོས་སྣེ་དང་དུང་། རྒྱ་གླིང་གིས་སྣེ་བསུའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་བཞུགས་ཁྲིར་གདན་ཞུས་གནང་རྗེས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་འབུལ་རྗེས་དྲན་རྟེན་གྱི་མཉམ་པར་སྒྲོན་པ་དང་། དང་བླངས་ཚོས་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་རྗེས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོ་བོར་འགྱུར་བའི་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ལས་དོན་ཞུ་ཕྱོགས་ཐད་ངོ་སྤྲོད་གསུང་བཤད་དང་། ཐའེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ཡུག་མེལ་ཉུད་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་སྤྱིའི་ལ་ཕན་པའི་རླབས་ཆེན་དགོངས་པ་ཇི་ཡོད་གསལ་བཤད་དང་༸གོང་ས་མཆོག་གང་མྱུར་ཕྱིར་ཕོ་བྲང་པོ་ཏ་ལ་རུ་ཕེབས་ཐུབ་པའི་སྨོན་འདུན་ཞུས་གནང་སོང་། དེ་ནས་ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ནས་བོད་ཀྱི་རྩ་དོན་དེ་བཞིན་བོད་མི་ཡོད་དོ་ཅོག་ལ་འགན་ཡོད་པ་ཚང་མས་མུ་མཐུད་བོད་དོན་ལ་ཤུགས་རྒྱག་རྒྱུ་གལ་ཆེ་ཡིན་སྐོར་བཅས་ཀྱི་གསུང་བཤད་གནང་ཡོད།
གསུང་བཤད་གྲུབ་རྗེས་དོན་གཅོད་གཙོས་པའི་དོན་ཁང་ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་དང་ལྟ་གྲུབ་དགེ་རྒན་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས། ཐའེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་ཡུག་མེལ་ཉུད་མཆོག་བཅས་ནས་དོན་གཅོད་ལས་ཁུང་ནས་པར་སྐྲུན་ཞུས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དེབ་ཕྲེང་ ༢༢ པ་དབུ་འབྱེད་གནང་རྗེས་བཀྲ་ཤིས་པའི་འཁྲུངས་སྐར་གྱི་མཉམ་གཞས་ཕུལ་ཐོག་བཀྲ་ཤིས་རྩེགས་བདུན་གྱི་ཀེཀ་ཕུད་བཞུགས་ཁྲིར་ཕུལ་མཚམས་མང་ཚོགས་ཡོངས་ལ་བགོ་བགྲེམས་གནང་པ་དང་སྐྱབས་གནས་དགེ་འདུན་གྱི་སྡེ་ནས་དབུ་འཛུགས་ཀྱིས་ཚང་མས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་སྐར་མ་ ༣༠ ཙམ་རིང་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།དེ་ནས་གླུ་གཞས་དགའ་སྟོན་གྱི་རྒྱ་མཚོར་རོལ་ནས་ཉིན་རྒྱབ་ཆུ་ཚོད་ ༣ བར་མཛད་སྒོ་སྲུང་བརྩི་ཞུས་ཤིང་། མཛད་སྒོའི་ཐོག་སྐུ་མགྲོན་ཡོངས་ལ་གསོལ་ཇ་དང་ཤ་མེད་གུང་ཚིགས་འདེགས་འབུལ་ཞུས་གནང་ཡོད། གཞན་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༣ ཉིན་ཐའེ་པེ་ཅེན་ཐང་གཞོན་སྐྱེས་ཚོགས་ཁང་ (Chientian Youth Activity Center) དུ་ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་གུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། མཛད་སྒོའི་སྐུ་མགྲོན་དུ་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་དང་ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ། གཟིག་རྒྱབ་རིན་པོ་ཆེ་གཙོས་པའི་ཐའེ་ཝན་དད་ལྡན་མང་ཚོགས་ ༣༠༠ ལྷག་མཉམ་འཛོམས་གནང་ཡོད། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ངོ་སྤྲོད་གསུང་བཤད་གནང་། དེ་ནས་སྐྱབས་གནས་དགེ་འདུན་གྱི་སྡེ་ནས་དབུ་འཛུགས་ཀྱིས་ཚང་མས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་སྐར་མ་ ༣༠ ཙམ་རིང་སྨན་བླའི་གཟུངས་སྔགས་དང་སྨོན་ལམ་གསུང་འདོན་ཞུས་གནང་ཡོད། དེ་བཞིན་་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༩ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༥ བར་ཐའེ་ཝན་གྱི་རྒྱལ་ས་རྙིང་པ་ཀའོ་ཞོང་དུ་ཐའེ་ཝན་དགའ་ལྔན་ཤར་རྩེ་ཆོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ཀྱི་དགུང་གྲངས་ ༩༠ ལ་ཕེབས་པའི་རོལ་དབྱངས་ཀྱི་འདུ་འཛོམས་ཆེན་མོ་ཞིག་གོ་སྒྲིག་ཞུས་པར་ཐའེ་ཝན་དད་ལྡན་མི་མང་ ༡༠༠༠ ལྷག་མཉམ་འཛོམས་གནང་ཡོད། མཛད་སྒོའི་སྐུ་མགྲོན་དུ་ཐའེ་ཝན་གྲོས་ཚོགས་འཐུས་མི་ HSU, Chih-Chieh ལགས་དང་ LIN, Dai-Hua ལགས་གཙོས་པའི་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་དང་དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུང་སངས་རྒྱས་མཆོག་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཕེབས་ཡོད། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་གཙོས་པའི་༸གོང་ས་མཆོག་གིས་འཛམ་གླིང་འགྲོ་བ་སྤྱི་ལ་ཕན་པའི་རླབས་ཆེན་གྱི་དགོངས་གཞི་ཇི་ཡོད་ཀྱིས་ངོ་སྤྲོད་གསུང་བཤད་གནང་ཡོད་པ་བཅས། །
ཐའེ་ཝན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།