༄༅། །ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན་ཐའེ་ཝན་དགའ་ལྡན་ཤར་རྩེ་མདོ་སྔགས་ཆོས་གླིང་གི་གོ་སྒྲིག་འོག་ཐའེ་པེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་རོལ་དབྱངས་ཀྱི་འདུ་འཛོམས་ཞིག་གོ་སྒྲིག་ཞུས་པར་ཐའེ་ཝན་དད་ལྡན་མི་མང་ ༡༠༠༠ ལྷག་མཉམ་འཛོམས་གནང་ཡོད།མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་ལམ་འཁྲུངས་སྐར་སྐབས་སུ་ཕེབས་པའི་བཀའ་སློབ་དང་། བྱང་རྩེ་ཆོས་རྗེ་སྐྱབས་རྗེ་གོ་སོག་རིན་པོ་ཆེ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་བརྙན་འཕྲིན་དེ་བཞིན་རྒྱ་སྐད་ཐོག་བསྒྱུར་ནས་མང་ཚོགས་ལ་འབུལ་ལམ་ཞུ་གནང་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོར་དགའ་ལྡན་ཁྲི་ཐོག་ ༡༠༤ པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་གཙོས་ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ (Wen Lii) ལགས་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས། ཐའེ་ཝན་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་གཞོན་པ་སྐུ་ཞབས་ (Sawyer Mars) མཆོག ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་ཆོས་ལུགས་ ( Convenor, Religious Committee, DPP) ཀྱི་སྐུ་ཚབ་སྐུ་ཞབས་ (YU, Cheng-Hsien) ལགས། དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་བཅས་མཉམ་ཞུགས་ཀྱི་གསུང་བཤད་གནང་ཡོད།ཐའེ་ཝན་དགའ་ལྡན་ཤར་རྩེ་མདོ་སྔགས་ཆོས་གླིང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་སྤྱི་ཚོགས་ཞབས་ཞུའི་ཆེད་ (Taipei City Fire Department) ལ་ཛ་དྲག་མྱུར་སྐྱོབ་རླངས་འཁོར་ (Ambulance) གཅིག་ཞལ་འདེབས་གནང་སོང་བ་དང་། བོད་རྒྱ་གཉིས་ཀྱི་རོལ་དབྱངས་ནས་༧རྒྱལ་བའི་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་རོལ་དབྱངས་ཀྱི་མཆོད་པ་འབུལ་གནང་སོང་བ་དང་། ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་མགྲོན་ཚབ་པའི་ངོ་དེབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།