༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༢༢ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (International Religious Freedom) དང་། རྒྱལ་སྤྱི་དང་ས་གནས་ཀྱི་ཚོགས་པ་ཁག་མཉམ་རུབ་ཀྱིས་ཀྲོག་ཀྱོ་གྲོང་ཁྱེར་གྱི་ New Otani ཞེས་པའི་གསོལ་མགྲོན་ཁང་དུ་ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཞེས་ཨེ་ཤི་ཡའི་ནང་གི་ཆོས་དད་རང་དབང་སྐོར་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཞུས་ཡོད།
དེ་ཡང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཟུར་པ་སེམ་བྷོ་རོན་བྷེག་ (Sam Brownback) ལགས་དང་། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཨ་རིའི་ཚོགས་གཙོ་ཟུར་པ་ཁེ་ཊི་རེ་ན་ལན་ཊོ་སི་སི་ཝེ་ཊི་ (Katrina Lantos Swett) ལགས་རྣམ་གཉིས་ཀྱིས་ཉིན་གཅིག་གི་མཛད་སྒོ་དེར་གཙོ་སྐྱོང་གནང་། རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ཟུར་པ་སེམ་བྷོ་རོན་བྷེག་ལགས་ཀྱིས་དབུ་འབྱེད་གསུང་བཤད་དུ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་གསུང་བཤད་གནང་མཁན་དང་མཉམ་ཞུགས་པ་རྣམས་ལ་དགའ་བསུ་ཞུས་ཏེ། འདི་ནི་སྲིད་དབང་སྒེར་འཛིན་པའི་འོག་ཆོས་དད་རང་དབང་ལ་རྡོག་རོལ་བཏང་བའི་གནས་སྟངས་སོགས་བསྐྱར་ནན་དང་། བགྲོ་གླེང་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་གལ་ཆེན་ཞིག་རེད་གསུངས། གཞན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་གཏོང་སླད་བོད་ནང་གི་ནང་པ་ཚོར་ལོ་ངོ་མང་པོའི་རིང་མཐོང་ཆུང་དང་གཉའ་གནོན་དང་། ཡུ་གུར་དང་ཁ་ཆེའི་མི་མང་། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་ཚོར་གདུག་རྩུབ་མནར་གཅོད་གཏོང་གི་ཡོད་པར་སྐྱོན་བརྗོད་དང་འབྲེལ། མི་རིགས་དེ་དག་སོ་སོའི་ཆོས་ལུགས་ཉམས་སུ་ལེན་པའི་ཐོབ་ཐང་ཡོད་ཅེས་གསུངས།
ཚོགས་འདུ་དེར་བགྲོ་གླེང་གནང་མཁན་བཞི་ཕེབས་ཡོད་པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་མེག་པོམ་པོ་ལགས་ཀྱིས་ཨེ་ཤི་ཡའི་ནང་ཆོས་དད་རང་དབང་ནི་ས་ཁམས་ཆབ་སྲིད་ཀྱི་གལ་ཆེ་རང་བཞིན་ཞིག་ཡིན་པའི་སྐོར་གླེང་སློང་གནང་། དེ་ནས་ཐའེ་ཝན་གྱི་སྲིད་འཛིན་ཝི་ལི་ཡམ་ལའི་མཆོག་གིས་དྲྭ་ལམ་བརྒྱུད་གསུང་བཤད་གནང་ཡོད། བགྲོ་གླེང་གི་བརྗོད་གཞི་བཞི་པོ་ནི། མངའ་ཁུལ་འདིར་མི་རིགས་རྩ་མེད་དུ་བཏང་བའི་ཤུགས་རྐྱེན་དང་། ཆོས་ལུགས་སྣ་མང་རིང་ལུགས། ཨེ་ཤེ་ཡའི་མང་གཙོའི་རྒྱལ་ཁབ་ཁག་གི་ནང་ཆོས་ལུགས་ཀྱི་རང་དབང་རྩ་ཆེན་དུ་འཛིན་པ། དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་ཁག་གི་ནང་དུ་དད་པའི་རང་དབང་བཅས་ཡིན།
སྐབས་དེར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མི་རིགས་རྩ་མེད་ཀྱི་ཤུགས་རྐྱེན་སྐོར་གསུང་བཤད་གནང་ཞིང་། རྒྱ་གཞུང་གིས་ལོ་ངོ་བདུན་ཅུ་ལྷག་རིང་བོད་ཀྱི་ངོ་བོ་དང་། རིག་གཞུང་། ཆོས་ལུགས་བཅས་རྩ་མེད་མུ་མཐུད་གཏོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་། དེ་བཞིན་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་བོད་ཀྱི་དགོན་སྡེ་ཁག་དང་། བོད་ཤར་ཕྱོགས་ཁམས་ཁུལ་དུ་སྟོན་པའི་སྐུ་བརྙན་ཕི་ཀྲི་ ༩༩ ཅན་དང་། བྱམས་པ་མགོན་པའི་སྐུ་བརྙན་ཕི་ཀྲི་ ༣༣ ཅན། གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་བརྙན་ཕི་ཀྲི་ ༤༥ ཅན་བཅས་གཏོར་བཤིག་བཏང་བའི་སྐོར་གླེང་ཡོད། གཞན་ཡང་རྒྱ་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ཐེ་བའི་བོད་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་ཁག་ལ་ཐེ་བྱུས་བྱེད་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད།
དེ་མཚུངས་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཐུགས་རྗེ་ཞུས་པ་དང་ཆབས་ཅིག རང་དབང་ལྡན་པའི་རྒྱལ་ཁབ་གཞན་གྱི་སྲིད་གཞུང་ཁག་ནས་ཀྱང་དེ་ལྟ་བུའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད།
ཨེ་ཤི་ཡའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱིས་སོ་སོའི་གནས་ཡུལ་དུ་ཆོས་དད་རང་དབང་དང་འབྲེལ་བའི་དྲག་གནོན་སྐོར་དང་། དེ་དག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་དགོས་གལ་ཡིན་སྐོར་གསུངས། ཚོགས་འདུ་དེར་ཚོགས་བཅར་བ་མང་དག་ཞིག་ཕེབས་ཡོད་པ་དང་། དེར་གོ་སྒྲིག་ཚོགས་ཆུང་དང་ཚོགས་བཅར་བ་བཅས་ནས་དབང་འཛིན་གྱི་སྲིད་གཞུང་ཁག་ལ་ས་ཁུལ་དེའི་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས།།