༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༩ ཉིན་ཨོསྟྲེ་ལི་ཡཱའི་འཇིག་རྟེན་སྙིང་རྗེའི་མཆོད་རྟེན་ཆེན་མོ་བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་འདེབས་འཛུགས་ཀྱི་མཛད་སྒོར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་མཉམ་ཞུགས་གནང་ཡོད།
དེ་ཡང་ཨོསྟྲེ་ལི་ཡཱའི་སྙིང་རྗེའི་མཆོད་རྟེན་ཆེན་མོ་དང་། ནང་པའི་ཆོས་ཚོགས་ (Bodhi Dhamma Vihara) ཀྱིས་གོ་སྒྲིག་ཞུས་པའི་ཤྲི་ལངྐ་ནས་བསྣམས་པའི་བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་འདེབས་འཛུགས་ཀྱི་མཛད་སྒོའི་ཐོག་ཤྲི་ལངྐ་གཞུང་གི་ཆོས་རིག་བློན་ཆེན་བི་དུ་ར་བིཀ་རམ་མ་ན་ཡ་ཀ་ (Vidura Wickkramanayaka) མཆོག་དང་། ཨོསྟྲེ་ལི་ཡཱའི་བིཀ་ཊོ་རི་ཡའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇ་སིན་ཊ་ཨ་ལན་ (Jacinta Allan) ལགས། གྲོས་ཚོགས་འཐུས་མི་ལི་ས་ཅི་སི་ཊར་ (Lisa Chester) ལགས། ཤྲི་ལངྐའི་ཆེས་མཐོའི་དོན་གཅོད་ཅི་ཊ་རང་ག་ནི་ཝ་གི་སི་ཝ་ར་ (Chitranganee Wagiswara) ལགས། མེལ་བོན་གནས་འཁོད་རྒྱ་གར་གཞུང་ཚབ་སུ་ཤིལ་ཀུ་མཱར་ (Sushil Kumar) ལགས་སོགས་གནད་ཡོད་མི་སྣ་ཁག་ཅིག་ཕེབས་ཞུགས་གནང་ཡོད།
དུས་ཆེན་རྗེས་དྲན་གྱི་དཔེ་དེབ་དུ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས། དུས་རབས་བཅུ་བཞི་པའི་བོད་ཀྱི་རྒྱལ་རྩེའི་དཔལ་ཆོས་དགོན་ལས་དཔེ་བླངས་པའི་མཆོད་རྟེན་ཆེན་མོའི་འགྲམ་དུ་བྱང་ཆུབ་ཤིང་སྡོང་བཙུགས་པ་འདི་ལ་བརྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་དང་། འཛམ་གླིང་ཞི་བདེའི་ཆེད་དུ་ནང་པའི་རིན་ཐང་རྣམས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་རེ་བ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ ༢༠༠༧ ལོར་མཆོད་རྟེན་ཆེན་མོར་གཟིགས་སྐོར་ལ་ཕེབས་སྐབས། མཆོད་རྟེན་འདི་ཆོས་ལུགས་སྣ་མང་གི་ལས་འགུལ་དང་། ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་གི་ལྟེ་གནས་ཤིག་ཏུ་འགྱུར་བར་གཟིགས་འདོད་ཡོད་ཅེས་གསུངས་པ་ལྟར། སྐུ་ཞབས་ཨ་ཡན་གྷི་རེན་ (Ian Green) ལགས་དང་ཁོང་གི་ལས་རོགས་ཚོའི་གཡོ་བ་མེད་པའི་ཆོད་སེམས་ལ་བརྟེན་ནས། ཁྱེད་རྣམ་པས་ཕུགས་རྒྱང་རིང་ཞིང་བཀྲ་ཤིས་པའི་ལས་དོན་འདི་ལེགས་གྲུབ་བྱུང་བར་ང་རང་དགའ་པོ་བྱུང་། ཞེས་གསུངས་ཡོད།
དུས་ཆེན་ཐོག་བཀྲ་ཤིས་ཞོལ་པ་ཐེ་བའི་མི་རིགས་འདྲ་མིན་གྱི་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་བཅས།།