༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་ཐོན་སྐབས་ཕོ་བྲང་རྒྱལ་སྒོ་རུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ནས་ཕེབས་སྐྱེལ་དང་བཅས་གྷ་གྷལ་གནམ་ཐང་དུ་ཆིབས་བསྒྱུར་བསྐྱངས་ཡོད། གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ། ཚེས་ ༢༢ ཉིན་སུད་སིར་ཆིབས་བསྒྱུར་དང་། ཚེས་ ༢༣ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཞབས་པུས་སྨན་བཅོས་ཆེད་༸ཞབས་སོར་འཁོད་རྒྱུ་ཡིན་པ་བཅས།།