༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་དྲཽ་པ་དཱི་མུརྨཱུ་མཆོག་དགུང་གྲངས་ ༦༦ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འཕྲིན་སྩལ་ཏེ་གང་ཉིད་སྐུ་ཁམས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་ཐུགས་སྨོན་མཛད་འདུག
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། རྒྱ་གར་ནི་སྙིང་རྗེ་དང་འཚེ་བ་མེད་པའི་སྲོལ་རྒྱུན་ལ་ཡུན་རིང་ནས་རྩ་བ་བརྟན་པོ་ཚུགས་ཟིན་པའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེའང་ཡིན། རྒྱ་གར་ལ་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཏུ་སྐྲུན་པར་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཆེན་པོ་ཡོད་ལ། ངོས་ཀྱིས་རྒྱ་ཆེ་ས་ནས་རྒྱ་གར་གྱི་སྟོབས་ཤུགས་དང་འགོ་ཁྲིད་ནུས་རྩལ་ལ་ཡིད་སྨོན་བྱེད་ཀྱི་ཡོད།
ང་ཚོ་བོད་མི་ཚོར་མཚོན་ན། རྒྱ་གར་ནི་ནང་པ་སངས་རྒྱས་པའི་བསྟན་པའི་འབྱུང་ཁུངས་ཡིན་པས་རྟག་ཏུ་འཕགས་པའི་ཡུལ་དུ་ངོས་འཛིན་བྱེད་ཅིང་། རྒྱུ་མཚན་དེའི་ཕྱིར། ང་ཚོས་རྒྱ་གར་གྱི་སྤུན་ཟླ་ཕོ་མོ་ཚོར་སྤུན་ཉེའི་འདུ་ཤེས་བཟུང་སྟེ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། དེས་ན། ངོས་ཀྱིས་གནའ་སྔ་མོ་ནས་རྒྱ་གར་གྱི་སྲོལ་རྒྱུན་དུ་ཡོད་པའི་སེམས་དང་སེམས་བྱུང་གི་རྣམ་གཞག་སྐོར་གོ་རྟོགས་སྤེལ་རྒྱུའི་ལས་དོན་གཉེར་མུས་ཡིན། སེམས་དང་སེམས་བྱུང་གི་རྣམ་གཞག་ནི་ནང་སེམས་ཀྱི་ཞི་བདེ་དང་། སེམས་པ་བཟང་པོ། ཁོང་ཁྲོ་ལྟ་བུའི་ཉོན་མོངས་ལས་རྒྱལ་བའི་གཞི་རྟེན་དུ་གྱུར་ཡོད། ཅེས་བཀའ་སྩལ་ཡོད་པ་བཅས།།