༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཕྲུག་ཁྱིམ་སྡེའི་འཛིན་གྲྭ་དགུ་པ་ཡན་གྱི་སློབ་ཕྲུག་ ༩༠༠ དང་། མཐོ་རིམ་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་ ༡༦༡ ས་གནས་ཀྱི་གཞོན་སྐྱེས་ ༤༠ རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་ཚོགས་མི་ ༨༠ བཅས་ཚུད་པའི་རྒྱལ་ཁབ་ལྔ་བཅུ་ང་བདུན་ནས་ཕེབས་པའི་ཆོས་ཞུ་བ་ཁྱོད་བསྡོམས་ ༥༥༠༠ བརྒལ་བ་ལ་དབུ་མའི་ལྡེ་མིག་དང་། བྱང་སྡོམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྡ་ས་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་མི་སྐྱ་ཕོ་མོ་ཁག་ཅིག་གིས་བརྡ་སྤྲོད་ཀྱི་གཞུང་སུམ་ཅུ་པ་དང་འབྲེལ་བའི་བརྗོད་གཞིའི་ཐོག་རྟགས་གསལ་གཟིགས་འབུལ་དང་། ཞལ་འདོན་ཁག་ཅིག་གསུང་འདོན་རྗེས་སུ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་འདིར་ང་ཚོའི་ངོ་བོ་ལྟ་བུ་ནི་བཙན་བྱོལ་བ་ཆགས་ཡོད། ཡིན་ནའང་། རྒན་གཞོན་ཚང་མ་སློབ་སྦྱོང་ལ་དོ་སྣང་ཡོད་པ་རེད། སྐབས་སུ་བབ་པ་སློབ་ཕྲུག་ཕོ་མོ་མང་པོ་ཞིག་གིས་རྟགས་གསལ་བཏང་ནས་རྒྱུན་དུ་དོ་སྣང་ཡོད་པའི་རྟགས་རེད། གཞན་གདན་ས་ཚོ་དང་ཆོས་ར་འགྲིམས་མཁན་ཚོས་རྟགས་གསལ་གཏོང་བ་མ་གཏོགས། སྤྱིར་བཏང་སྤྱི་འགྲོས་སྤྱི་མཚུངས་ཀྱིས་རྟགས་གསལ་གཏོང་བར་དེ་ཙམ་གོམས་འདྲིས་ཡོད་པ་མ་རེད། ང་ཚོ་འདིར་བཙན་བྱོལ་བ་ཆགས་ཡོད་དུས་ཁྱོད་ཚོ་གཞོན་སྐྱེས་ཚོས་རྟགས་གསལ་གཏོང་བའི་ཐོག་ལ་དོ་སྣང་བྱེད་པ་དེ་ཧ་ཅང་ཡག་པོ་རེད། སངས་རྒྱས་པའི་ཆོས་རྩོད་པ་བརྩད་ནས་འགྲོ་བ་དེ་ནཱ་ལེནྡྲའི་ཕྱག་སྲོལ་ཆགས་ཡོད། བོད་ནང་དུ་ཆ་བཞག་ན་སེ་འབྲས་སོགས་སུ་རྩོད་པ་རྩོད་རྒྱུ་ཧ་ཅང་ཡག་པོ་ཡོད་ཀྱང་། སྤྱི་ཡོངས་ནས་མི་སྐྱ་ཕོ་མོ་སློབ་གྲྭ་བཅས་ཀྱི་ནང་དུ་དེ་ཙམ་གྱིས་དར་སྲོལ་ཆེ་བ་ཡོད་པ་མ་རེད། འདིར་བཙན་བྱོལ་བ་བྱེད་པའི་སྐབས་སུ་ཁྱེད་རང་ཚོ་སློབ་ཕྲུག་ཕོ་མོ་དང་། སེར་སྐྱ་དབྱེ་བ་མེད་པར་ཚང་མས་དོ་སྣང་བྱས་ཏེ་རྩོད་པ་རྩོད་པ་དང་། རྟགས་གསལ་གཏོང་བ་ཧ་ཅང་ཡག་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་བྱེད་པའི་གནས་ཚུལ་གཅིག་པུ་མ་ཡིན་པར་འཛམ་གླིང་འདིར་སྟོན་ཐུབ་པ་ཞིག་རེད། བསྡུས་གྲྭ་བསླབ་པའི་སྐབས་ནས་རྟགས་གསལ་གཏོང་བའི་འགྲོ་སྟངས་ཤེས་ཡོང་སྐབས་ཕན་ཐོགས་ཆེན་པོ་ཡོད་པ་རེད། འདིར་སློབ་གྲྭ་བ་ཚོས་རྟགས་གསལ་བཏང་ནས་གོམས་གཤིས་འཇགས་ཡོང་གི་ཡོད་པ་རེད། དཔེ་མི་སྲིད་པའི་ཡག་པོ་རེད། ང་ཚོས་འདིར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་གང་འདྲ་ཞིག་བྱེད་བཞིན་པ་མཚོན་ཐུབ་པ་ཞིག་རེད། ཁྱོད་ཚོ་ཚང་མས་ཧུར་ཐག་བྱས་ཏེ་ཧ་ཅང་ཡག་པོ་རེད།
ང་ཚོ་འདིར་བཙན་བྱོལ་བ་ཉུང་ཤས་ཙམ་མ་ཡིན་པར་དཔེ་ཆར་བལྟས་ནས་རྟགས་གསལ་བའི་གྲས་རྒྱ་ནག་ལ་ཆ་བཞག་ནའང་ཁྱབ་སྤེལ་གཏོང་ཐུབ་པ་ཞིག་སེམས་ལ་འཇོག་དགོས་པ་རེད། སྔ་མོ་རྒྱ་རིགས་ནང་ནས་གྲྭ་ས་ལ་ཞུགས་མཁན་ཕྲན་བུ་ཕྲན་བུ་ཡོད་པ་རེད། རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་ཡོང་རྒྱུ་ཤུགས་ཆེན་པོ་ཞིག་ཆགས་འགྲོ་བཞིན་འདུག དེར་བརྟེན། རྟགས་གསལ་གཏོང་རྒྱུ་རྒྱ་རིགས་ནང་དུ་ཤུགས་ཆེ་ཙམ་ཁྱབ་སྤེལ་ཐུབ་པ་ཞིག་སེམས་ལ་གཞག་དགོས་པ་རེད། ངོས་རང་འདིར་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད། ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་འདི་ང་ཚོ་བཙན་བྱོལ་བ་ཉུང་ཤས་ཙམ་མ་ཡིན་པར་འཛམ་གླིང་འདིར་དོ་སྣང་གསར་པ་སླེབས་པ་ཞིག་བྱས་ཡོད་པས་འདི་རླབས་ཆེན་པོ་ཆགས་ཡོད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྒྱ་ནག་ཏུ་ནང་པ་ཤུགས་ཆེན་པོ་འདུག བོད་ཀྱི་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུག འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུའང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་པའི་སྐབས་སུ་རྩོད་པ་རྩོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཀྱིས་མིག་དཔེ་ལྟ་ས་བྱེད་དགོས། བོད་ཀྱི་ཆོས་དང་རིག་གཞུང་ནི་དཔེ་ཆ་སྐྱོར་རྒྱུ་གཅིག་པུ་མིན་པར་བསམ་བློ་གཏོང་བ་དང་། རྩོད་པ་བརྩད་དེ་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་སྟངས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་ནས། འཕྲལ་དུ་བོད་མི་བཙན་བྱོལ་བ་ཚོའི་ནང་དུ་རིགས་ལམ་གྱི་འགྲོ་སྟངས་ཐོག་ནས་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་བྱེད་པ་བརྒྱུད་ནས་རྒྱ་ནག་ཏུ་ཐོས་བསམ་ཡ་མ་བྲལ་བ་ཞིག་ཡོང་རྒྱུ་ང་ཚོའི་ལས་འགན་རེད། ད་ལྟའི་ཡོང་སྟངས་ལ་བལྟས་ན་རྒྱ་ནག་ཏུ་ནང་ཆོས་ཤུགས་ཆེན་པོ་དར་བ་ཞིག་དང་། ནང་ཆོས་དེ་ཡང་རྩོད་པ་བརྩད་ནས་འགྲོ་རྒྱུ་ཞིག་གི་བཟོ་ལྟ་འདུག དེས་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་ཞིག་འགྲུབ་ཀྱི་ཡོད་པ་རེད།
ང་ཚོ་བོད་མི་བཙན་བྱོལ་བ་རེད། ཡིན་ནའང་། ང་ཚོས་གསར་གཏོད་བྱས་ཏེ་རྒྱ་ནག་ཏུ་ནང་ཆོས་རྩོད་པ་བརྩད་ནས་འགྲོ་རྒྱུའི་ཕྱག་ལེན་རིམ་པས་རྒྱ་བསྐྱེད་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་རེད། ནང་པའི་ཆོས་དང་གཏན་ཚིགས་རིག་པའི་ཐོག་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དེ་སྔ་ནང་ཆོས་དང་འབྲེལ་བ་ཁྱོན་ནས་མེད་མཁན་ཚོའི་ནང་དུའང་དོ་སྣང་གསར་པ་ཞིག་བྱེད་བཞིན་འདུག དེར་བརྟེན། གཏན་ཚིགས་རིག་པའི་འགྲོ་སྟངས་དེ་ལ་དོ་སྣང་གསར་པ་ཞིག་ཕལ་ཆེར་སླེབས་ཀྱི་ཡོད་པ་རེད། དེའི་ཐོག་ནས་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་དུས་ད་ལྟའི་བར་དུ་བདག་པོ་བརྒྱབ་པ་དེ་འཛམ་གླིང་འདིར་མངོན་གསལ་དོད་པའི་ཐོག་ནས་མཐོང་ཐུབ་པ་ཞིག་དང་། དོ་སྣང་གསར་པ་སླེབས་ནས་བདག་པོ་རྒྱག་ཐུབ་པ་ཞིག་ནི་ང་ཚོའི་ལས་འགན་རེད། ཧ་ཅང་གལ་ཆེན་པོ་རེད། དེ་རིང་འདིར་ཁྱོད་ཚོ་སློབ་ཕྲུག་ཚོས་རྟགས་གསལ་བཏང་ནས་ཧ་ཅང་དགའ་བོ་བྱུང་། ཡག་པོ་འདུག དེ་སྔ་བོད་དུ་བསམ་བློ་སྦུ་སུག་དོག་པོ་བྱས་ཏེ་སློབ་ཕྲུག་ཚོས་རྟགས་གསལ་བཏང་བ་ཡིན་ན་ཐུ་ལུད་མ་བརྒྱབ་ཀྱང་སྣང་བ་འགྲོ་གི་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་བ་ཆགས་པའི་སྐབས་སུ་སློབ་ཕྲུག་ཚོས་རྟགས་གསལ་གཏོང་གི་ཡོད་པ་ནི་ཡར་རྒྱས་རེད། ནཱ་ལེནྡྲ་ནས་བརྒྱད་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་སྟངས་འདི་དམའ་རིམ་གྱི་སློབ་གྲྭ་ནས་བདག་པོ་རྒྱག་ཐུབ་པ་ཞིག་དང་། ཁྱོད་རང་ཕྲུ་གུ་ཚོས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། མུ་མཐུད་ཧུར་ཐག་བྱེད་རོགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་བ་དང་།
གསོལ་ཇའི་བར་གསེང་དང་འབྲེལ། འཛམ་གླིང་འདིར་བཙན་བྱོལ་བ་མང་པོ་ཡོད་པ་རེད་དེ། བོད་པ་རྣམས་ཚགས་ཚུད་ཤོས་དང་གྲུས་ཤོས་ཡིན་པ་ལྟ་བུ་འདུག ཚང་མས་ད་ལྟའི་བར་དུ་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱས་པ་རེད། ད་དུང་ཡང་འཛམ་གླིང་འདིར་སེམས་ཤུགས་བསྐྱེད་རྒྱུར་ཧུར་ཐག་བྱེད་དགོས། ངོས་རང་ཆུང་ཆུང་སྐབས་སུ་མངར་ཟས་དགའ་རབ་ཟ་གི་ཡོད་ཀྱང་། སོ་ཧ་ཅང་ཡག་པོ་བསྡད་འདུག སོ་གཅིག་ཀྱང་བུད་མེད། རྨི་ལམ་ལ་དཔལ་ལྡན་ལྷ་མོ་ངོས་ཀྱི་མཇིང་པའི་སྟེང་དུ་ཡོད་པ་དང་། ལུང་འདྲེན་ལྟ་བུར་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་ཀྱི་རེད་ཅེས་གསུངས་པ་ཞིག་རྨིས་བྱུང་། རྨི་ལམ་ནང་བཞིན་གཟུགས་པོའི་གནས་སྟངས་བྱས་ན་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་པའི་བཟོ་ལྟ་འདུག གཙོ་ཆེ་ཤོས་ང་ཚོ་ཚང་མ་དད་པ་དམ་ཚིག་གཡེལ་བ་མེད་པར་བསྡད་ཡོད་པ་རེད། ངོས་ནས་ཆ་བཞག་ན་སེམས་ཅན་སྤྱི་དང་ལྷག་པར་དུ་གངས་ཅན་པོ་ཚོ་དང་། དེ་དང་འབྲེལ་ཡོད་ཀྱི་མི་སྣ་ཚོའི་དོན་དུ་ཞོགས་པ་ཡར་ལངས་པ་དང་སེམས་གཏིང་ནས་སྨོན་ལམ་རྒྱག་གི་ཡོད། ཁྱོད་ཚོ་ཚང་མ་བློ་བདེ་བོ་དང་སེམས་སྐྱིད་པོར་སྡོད། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་རྗེས་དབུ་མའི་ལྡེ་མིག་གི་བཤད་ལུང་འཕྲོ་སྐྱོང་གནང་རྗེས་ཆ་ཚང་འགྲོ་མི་དགོས་པ་བཀའ་གནང་བ་དང་། ང་ཚོ་ཚང་མ་སྤྲོ་སེམས་འཁོལ་བས་འདུས་པ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཕུལ་རྒྱུ་བྱས་ན་མ་རེད་དམ། ཞེས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཆུ་ཚོད་ ༩།༣༠ ལ་ཐེངས་འདིའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་སྟེ། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་ཞུས་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།