༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༠༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྷ་ཏ་མང་མཆོག་གཉིས་ཀྱི་སྲིད་དོན་ཚོགས་པར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་ཡོད།
དེ་ཡང་གསུང་འཕྲིན་ནང་མགོན་པོ་མཆོག་གིས་འདས་པའི་ལོ་ཡུན་ནང་ཨ་རུ་ན་ཅལ་དང་། འབྲས་ལྗོངས་མངའ་སྡེ་གཉིས་ནས་ལུང་པ་ཡར་རྒྱས་གོང་འཕེལ་ཆེད་གོམ་སྟབས་ཆེན་པོ་སྤོས་ཡོད་པར་ཐུགས་སྣང་མཛད་བཞིན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་པ་གཉིས་ནས་མི་མང་ཁོས་ཞན་ཚོའི་བདེ་སྡུག་སླད་སྐུ་ལས་མུ་མཐུད་སྐྱོན་པའི་ཐུགས་རེ་མཛད་ཡོད།
མཐར་མགོན་པོ་གང་ཉིད་མཆོག་ནས་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། པྲེམ་སིངྒ་ཏ་མང་མཆོག་གཉིས་ནས་མངའ་སྡེ་སོ་སོའི་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་ཆེད་ཡོང་འགྱུར་འཕྲད་སྲིད་པའི་དཀའ་ངལ་མཐའ་དག་ལ་གདོང་ལེན་གནང་ཐུབ་པའི་ཐུགས་སྨོན་མཛད་ཡོད་པ་བཅས།།