༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༤ ནས་ ༢༦ བར་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་གིས་རྒྱ་གར་མངའ་སྡེ་ཀར་ནཱ་ཊ་ཀ་དང་། ཆ་ཊི་སི་གྷར། མཱ་ཧཱ་རཱཤ་ཏྲ། ཨོ་ཌི་ཤཱ ཨ་རུ་ནཱ་ཅལ། ལ་དྭགས་བཅས་ཀྱི་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད། སྐབས་དེར་ཁྱོན་བསྡོམས་གཞིས་ཆགས་ཁག་ ༡༡ གི་ས་གནས་འགོ་འཛིན་དང་། ལ་དྭགས་སོ་ནམ་གླིང་གཞིས་ཆགས་ཀྱི་བྱང་ཐང་འབྲེལ་མཐུད་པ་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སོ་ནམ་རིག་པ་དང་འབྲེལ་ནས་སྤྱི་ཚོགས་རྒྱུན་སྐྱོང་བྱེད་ཕྱོགས་དང་། རྒྱ་གར་ཀར་ནཱ་ཊཀ་མངའ་སྡེའི་གཞུང་གི་སོ་ནམ་སྡེ་ཚན་གྱིས་ཟབ་སྦྱོང་འདི་ལྟ་བུར་རྒྱབ་སྐྱོར་གནང་བ་དང་། མཁས་དབང་དང་ཁྱད་ལས་སོགས་ཆེད་མངགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་དང་ཕྱོགས་མཚུངས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ (MYRADA ) དང་ (MYKAPS) ཚོགས་པ་གཉིས་བོད་པའི་སྤྱི་ཚོགས་དང་ལོ་ངོ་བཅུ་ཕྲག་ལྷག་གི་འབྲེལ་བ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས། (MYRADA) ཚོགས་པའི་སློབ་སྟོན་པ་རཱགྷ་ཝེནྡར་སུ་དཱི་ལགས་དང་། (MYRADA) ཀོ་ལཱར་རྫོང་གི་ལས་འཆར་འགན་འཛིན་ཤིབ་ཤངྐར་ལགས། (MYRADA) མཻ་སོར་གྱི་སྤྱི་ཁྱབ་འགན་འཛིན་ཨཤ་རབ་ཧ་སན་ལགས་བཅས་ལ་འཚམས་འདྲི་ཞུས་ཡོད།
ཟབ་སྦྱོང་འདིའི་རིང་ས་གནས་འགོ་འཛིན་རྣམས་ལ་གཞི་རྩའི་སོ་ནམ་དང་། ས་ཆུ་བདག་གཅེས་ཀྱི་སློབ་སྟོན་གནང་བ་གཤམ་གསལ།
༡༽ སོ་ནམ་གྱི་གལ་གནད།
༢༽ སོ་ནམ་འདེབས་ལས་ཀྱི་དབྱེ་བ། (རང་འབྱུང་། སྐྱེ་ལྡན། ལེགས་བཅོས།)
༣༽ སྐམ་ས་དང་། ཆར་ཆུ་ལྡན་པའི་སར་ཆུས་འདེབས་ལས།
༤༽ རང་འབྱུང་ཐོན་ཁུངས་ཀྱི་སྒོ་ནས་སྐམ་སར་སོ་ནམ་འདེབས་ལས།
༥༽ རང་འབྱུང་ཐོན་ཁུངས། ( ས་ཞིང་། ཆུ། ཆར་ཞོད། གནམ་གཤིས།) བཅས་ཀྱི་ཐོག་ནས་སོ་ནམ།
༦༽ སའི་རིགས་དང་དབྱེ་བ།
༧༽ ཆར་ཆུ་ཉར་ཚགས་དང་བསྡུ་གསོག་བྱེད་ལུགས་བཅས་ཡིན།
ཉིན་གཉིས་པར་མཻ་སོར་སོ་ནམ་སྦྱོང་བརྡར་བསྟི་གནས་ཁང་གི་ངེས་སྟོན་པ་གཞོན་པ་འབུམ་རམས་པ་ཡོ་གེཤ་ལགས་ཀྱིས་ས་གཤིན་པོའི་ཐོག་ས་ཆུ་བདག་གཅེས་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་རྗེས། དམིགས་བསལ་སྐུ་མགྲོན་ཧ་རི་སི་སུ་མེར་ལགས་ཀྱིས་རང་གི་ཉམས་མྱོང་དང་འབྲེལ་ནས་ས་ཆུ་བདག་གཅེས་ཀྱི་དཀའ་ངལ་དང་། ཁོང་གི་ལས་ཡུལ་དུ་ས་ཆུའི་ཚད་གཞི་དམའ་རུ་སོང་བ་སོགས་ཀྱི་སྐོར་གསུངས། ཉིན་གསུམ་པའི་སྐབས་རྒྱ་གར་ (Periyapatna) རྫོང་གི་གྲོང་གསེབ་ (Trimulapura) དང་། (Ankanahalli), (Kokanahosalli) བཅས་སུ་ (MYRADA) དང་ (MYKAPS) ཀྱིས་གསར་འཛུགས་གནང་བའི་ཆུ་རགས་དང་། ཆུ་མཛོད། ཆུ་གསོག་ས་དོང་བཅས་སུ་ཞིབ་རྟོག་དང་། ཞིང་པ་དང་ལྷན་དུ་འབྲེལ་གཏུགས་བྱས་ཏེ་ལས་གཞི་དེ་དག་གི་སྐོར་རྒྱུས་ལོན་བྱས་ཡོད།
ཟབ་སྦྱོང་འདི་ནི་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་སྡེ་ཚན་དེ་ཉིད་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་གནས་སྤོ་ཟིན་རྗེས་གོ་སྒྲིག་གནང་བ་ཐོག་མ་ཡིན། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་འཆར་དང་། རྒྱ་གར་དབུས་གཞུང་དང་མངའ་སྡེ་སོ་སོའི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་གར་དུ་བོད་མི་ཚོར་སོ་ནམ་འདེབས་ལས་དེ་བཞིན་འཚོ་རྟེན་གཙོ་བོར་གྱུར་ཡོད། ཟབ་སྦྱོང་འདི་བརྒྱུད་ས་གནས་འགོ་འཛིན་རྣམ་པས་བོད་མིའི་ངོ་བོ་སྲུང་སྐྱོབ་དང་། འཚོ་རྟེན་གྱི་ཐོན་ཁུངས་རྒྱུན་བརྟན་ཡོང་བར་བྱ་རྒྱུ་ཡིན་པ་བཅས།།