༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༠༩ ཐོག་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་ཞི་བཅུ་རུ་ཕེབས་པའི་འཁྲུངས་སྐར་དགའ་སྟོན་སུད་སི་རི་ཀོན་དགོན་དུ་སྲུང་བརྩི་ཞུས། འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་མཎྜལ་དང་ཞབས་བརྟན་གསོལ་འདེབས་ཕུལ་ནས་དབུ་བཙུགས། འཁྲུངས་སྐར་དུས་ཆེན་དེར་ཕ་རན་སི་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་སྐུ་ཚབ་གཅིག་དང་བལ་ཡུལ་ནས་སྐུ་ཚབ་གཉིས་ཕྱི་རྒྱལ་ནས་ཕེབས་པ་དང་། སུད་སི་ཉེ་འཁོར་ནས་རིག་འཛིན་འཇའ་ཚོན་རིན་པོ་ཆེ་དང་། རི་ཀོན་དགོན་པའི་མཁན་རིན་པོ་ཆེ། ཞི་བ་ལྷ་རིན་པོ་ཆེ། ནམ་མཁའ་རིན་པོ་ཆེ། དགེ་འདུན་པ་རྣམ་པ། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཚོགས་གཞོན། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། སེར་སྐྱ་ཕོ་མོ་གྲངས་བརྒྱ་ལྷག་འདུ་འཛོམས་གནང་ཡོད།
ལྷག་པར་ཉེ་ལམ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་ཡབ་ཀརྨ་དོན་གྲུབ་མཆོག་སྐུ་གཤེགས་རྐྱེན་རིན་པོ་ཆེའི་བླ་བྲང་ནས་ཁྱབ་ཁོངས་བླ་བྲང་དུ་གཏོགས་པའི་བཀའ་བརྒྱུད་སྡེ་ཁག་ནས་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་རྒྱས་གཤོམ་མི་དགོས་པའི་བཀའ་ཁྱབ་གནང་འདུག་པ་ད་ལམ་མཆོད་འབུལ་སྨོན་ལམ་ཁོ་ན་མཛད་པ་ལས་བོད་ཀྱི་རིག་གཞུང་དང་དམངས་ཁྲོད་ཀྱི་ཞབས་བྲོ་འཁྲབ་སྟོན་གྱི་ལེ་ཚན་དང་ཞབས་བྲོ་སོགས་འཁྲབ་མེད་པ་ཡིན། ད་ལན་སུད་སི་ཁུལ་དུ་རིན་པོ་ཆེའི་འཁྲུངས་སྐར་གོ་སྒྲིག་གནང་མཁན་སུད་སི་བཀའ་བརྒྱུད་ལྷག་བསམ་ཚོགས་པ་ཡིན་པ་བཅས། །