༄༅། །རྒྱ་ནག་སྲིད་བློན་ལི་ཆང་ཨོསྟྲེ་ལི་ཡཱི་གྲོང་ཁྱེར་ཁེན་བྷེ་ར་རུ་འབྱོར་སྐབས་ས་གནས་བོད་མི་དང་། ཨོསྟྲེ་ལི་ཡ་བོད་དོན་ལྷན་ཚོགས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ། ཡུ་གུར། ཕ་ལུང་གོང་། ཧོང་ཀོང་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ནས་ངོ་རྒོལ་བྱས་ཡོད་པ་རེད། དེ་སྔོན་ཕྱི་ཟླ་ ༠༣ ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡང་ཨོསྟྲེ་ལི་ཡཱར་སླེབས་ཡོད།
དེ་ཡང་ཕྱི་ཟླ་ ༠༦ ཚེས་ ༡༧ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་གྲོས་ཚོགས་དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་འབོད་ཚིག་སྒྲོག་བཞིན་ཞི་བའི་ངོ་རྒོལ་བྱས་ཡོད། ཞི་བའི་ངོ་རྒོལ་བྱེད་སྐབས་རྒྱ་མི་ལ་དགའ་མཁན་གྱི་མི་སྣ་ཁག་ཅིག་གིས་བོད་མི་རྣམས་ལ་བཙན་ཤེད་དང་རྙོག་དྲ་སློང་བའི་ཐོག་ནས་མདུན་སྐྱོད་དང་བར་ཆད་བཟོས་ཡོད་པ་དེས་རང་དབང་ལྡན་པའི་འཛམ་གླིང་ནང་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད།
ངོ་རྒོལ་སྐབས་གསུང་བཤད་གནང་མཁན་ཁོངས་སུ་ཨོསྟྲེ་ལི་ཡཱ་རྒྱལ་ས་མངའ་ཁུལ་གྱི་ཁྲིམས་དོན་སྤྱི་ཁྱབ་དང་ཨོསྟྲེ་ལི་ཡཱ་རྒྱལ་ས་མངའ་ཁུལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཤ་ནི་རེ་ཊན་བུ་རི་ལགས་དང་། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་ཊེ་བིཊ་ཨི་སི་མིཊ་ལགས། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། རྒྱ་དམར་གྱི་དབང་སྒྱུར་འོག་ནས་མནར་གཅོད་མྱོང་མཁན་གྱི་ཨོསྟྲེ་ལི་ཡཱ་དང་ནེའུ་ཛི་ལེནྚ་གྱི་མཐུན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཆེན་མོ་ཆོས་ཉི་འཕེན་ལགས། བོད་མི་མང་སྤྱི་འཐུས་ཟུར་པ་གདོང་འདུས་སྐྱིད་འཛོམས་ལགས།ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས། ཨོསྟྲེ་ལི་ཡཱའི་བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་ཆོས་འཛིན་ལགས་སོགས་ཡོད།
བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ངོ་རྒོལ་ཁྲོམ་སྐོར་སྐབས་གསུང་བཤད་གནང་དོན། རྒྱ་ནག་སྲིད་བློན་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནའི་ཚབ་བྱེད་ཀྱིན་ཡོད། ཁོང་ལ་རྒྱ་མི་ཐེར་འབུམ་གཅིག་དང་བྱེ་བ་བཞི་ལས་གྲུབ་པའི་རྒྱ་ནག་གི་མི་མང་ཡོངས་ཀྱི་དབང་ཆ་མེད། འོན་ཀྱང་། སྲིད་བློན་ཨན་ཐོ་ནེ་ཨལ་བྷན་ནེ་སི་ལ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ཨོསྟྲེ་ལི་ཡཱའི་མི་མང་གི་དབང་ཆ་ཡོད། དེར་བརྟེན། ཁོང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་སྐོར་གླེང་སློང་ཤུགས་ཆེ་ཙམ་གནང་དགོས། ཞེས་གསུངས། ཨོསྟྲ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་བྷོབ་བྷ་རོན་ལགས་ཀྱིས་སྒྲ་འཇུག་བརྙན་བརྒྱུད་གསུང་འཕྲིན་གནང་བའི་ནང་། ཨོསྟྲེ་ལི་ཡཱའི་སྲིད་གཞུང་ལ་རྒྱ་ནག་དང་ལྷན་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་གནང་སྟེ་གྲུབ་འབྲས་ཐོན་རྒྱུ་ཡོད་པ་ཞིག་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད།
ཨོསྟྲེ་ལི་ཡཱར་གནས་སྡོད་བོད་མི་དང་བོད་དོན་ལྷན་ཚོགས་ངོས་ནས་ཨོསྟྲེ་ལི་ཡཱའི་སྲིད་གཞུང་གིས་རྒྱ་ནག་ལྷན་གྲོས་མོལ་གནང་སྐབས་གཤམ་གསལ་དོན་ཚན་ཁག་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
༡) དབུ་མའི་ལམ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་ལྷན་གྲོལ་མོལ་སླར་གསོ་དགོས་པ།
༢) རྒྱ་ནག་གིས་བོད་ཕྲུག་ཚོར་དམིགས་སུ་བཀར་བའི་བཙན་གནོན་གྱི་སྲིད་ཇུས་མཚམས་འཇོག་དགོས་པ་དང་། བོད་ཕྲུག་ས་ཡ་གཅིག་ཙམ་གྱི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་གི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་ཁོ་ཚོ་ནང་མི་དང་ཁ་བྲལ་དུ་གཏོང་བའི་སྲིད་ཇུས་མཚམས་འཇོག་དགོས་པའི་རེ་སྐུལ་ཞུ་རྒྱུ།
༣) རྒྱ་ནག་གཞུང་གིས་བོད་ནང་བཙན་པོའི་ངལ་རྩོལ་གནས་སྤོ་དང་། ཆེད་ལས་སྦྱོང་བརྡར་གྱི་ལས་འཆར་ཁག་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། བོད་མིར་ཆབ་སྲིད་སློབ་གསོ་སྤྲོད་མཚམས་འཇོག་དགོས་པའི་རེ་སྐུལ་ཞུ་རྒྱུ།
༤) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཐེ་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་ནས་ཐེ་བྱུས་མི་ཆོག་པའི་རེ་སྐུལ་ཞུ་རྒྱུ།
༥)རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ནག་ཉེས་ལ་ཁ་གཡར་ནས་ཞི་བའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སུ་སྤྱོད་མཁན་གྱི་བོད་མི་རྣམས་འཛིན་བཟུང་བྱེད་པར་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་བཙོན་འཇུག་ཁྲིམས་ལུགས་ཀྱི་དོན་ཚན་ཁག་ལ་ཁྲིམས་ཞིབ་དྲང་བདེན་བྱེད་རྒྱུའི་ཐོབ་ཐང་དང་འགལ་བ་རྣམས་ཕྱིར་བསྡུའམ་ལེགས་བཅོས་བྱེད་དགོས་པའི་རེ་འདུན་ཞུ་རྒྱུ།