༄༅། །བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་མཆོག་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢ ཉིན་སྔ་དྲོའི་ཚོུད་ ༡༠།༠༠ ཐོག་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༠༩ དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་བསོད་ནམས་དོན་ལྡན་ལགས་དང་ཚོགས་གཞོན་དུ་ཡེ་ཤེས་རྡོ་རྗེ་ལགས་བཅས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་བྱུང་འདུག་པ་དང་།
ས་འཐུས་དམ་འབུལ་དང་བསྟུན། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་མཆོག་ནས་ཕྱི་ཚེས་ ༡ ཉིན་སྔ་དྲོའི་ཚོུད་ ༡༡།༣༠ ཐོག་མཚོ་པདྨའི་ཁྱབ་ཁོངས་མི་མང་དང་། ཕྱི་ཚེས་ ༢ ཉིན་རྒྱབ་ཚོུད་ ༢།༠༠ ཐོག་སྤོན་ཌོ་བཀྲིས་གླིང་། མན་ཌི་ཡི་ཁྱབ་ཁོངས་མི་མང་ཁྱོན་མི་གྲངས་ ༥༧ ཙམ་ལ་བཙན་བྱོལ་བོད་མིའི་མང་གཙོའི་ངོ་སྤྲོད་དང་འཕེལ་རིམ་སྙིང་བསྡུས་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གོང་འོག་གི་ངོ་སྤྲོད། བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་གྱི་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཐོག་ལ་གོ་རྟོགས་སྤེལ་རྒྱུ་བྱུང་འདུག་པའི་གནས་ཚུལ་སྙིང་བསྡུས་སུ། །