༄༅། །བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པའི་ནང་གསེས་ ༡ དགོངས་དོན་བཞིན་ཚོགས་མིའི་ལས་ཡུན་འགོ་འཛུགས་ཟླ་ ༦ ཚེས་ ༡ ནས་ལོ་གསུམ་རེ་ཡིན། ཞེས་གསལ་བ་ལྟར་འདི་ལོ་ཕྱི་ཟླ་ ༥ ནང་ཚོགས་མི་གསར་འདེམས་བྱུང་བ་རྣམས་ཟླ་བ་ ༦ ཚེས་ ༡ ནས་ལས་འཁུར་འགོ་འཛུགས་ཟིན་པར་བརྟེན་དཔལ་འབྱོར་ལས་ཁུངས་ཀྱི་དང་བླངས་དཔྱ་དངུལ་ཚན་པས་ས་གནས་ཁག་ ༧ ལ་ཆ་འགོས་ཀྱིས་ཟབ་སྦྱོང་འབུལ་རྒྱུ་ཡིན་པ་དང་། ལས་རིམ་གཞིར་བཟུང་ཟབ་སྦྱོང་དྷ་ས་ནས་འགོ་འཛུགས་གནང་ཡོད།
བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་བོད་རང་དབང་བདེན་པའི་ལས་འགུལ་ས་གནས་ཚོགས་ཆུང་ཁག་བཅུ་གཅིག་ལ་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༠༦ ཚེས་ ༢༠ དང་ ༢༡ ཉིན་གྲངས་གཉིས་རིང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་གསར་འདེམས་བྱུང་བའི་ཁོངས་ནས་ཚོགས་བཅར་བ་མོ་གྲངས་ ༣ དང་ཕོ་གྲངས་ ༡༩ བཅས་བསྡོམས་ཚོགས་མི་གྲངས་ ༢༢ བཅར་ཐུབ་བྱུང་ཡོད།
ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐབས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་བ་དང་། དེ་རྗེས་ཟབ་སྦྱོང་ཉིན་གྲངས་གཉིས་རིང་དང་བླངས་དཔྱ་དངུལ་ཚན་པ་ནས་ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དང་། བོད་རང་དབང་བདེན་པའི་ལས་འགུལ་ས་གནས་ཚོགས་ཆུང་གི་སྒྲིག་གཞི། རྒྱུན་གྲོན་རྩིས་ཁྲ་བཟོ་ཉར་དང་སྔོན་རྩིས་འཆར་འབུལ་ཞུ་ཕྱོགས། འགེངས་ཤོག་ག་པ་དང་ང་པ་བཀང་ཕྱོགས། རྩིས་ཞིབ་སྙན་ཐོ་དང་སྙན་ཐོ་ལན་འདེབས། རྒྱབ་ལྗོངས་དན་རྟགས་འབུལ་ཕྱོགས། རྩིས་དང་འབྲེལ་བའི་ཡིག་ཆ་བདག་ཉར་དགོས་པ་ཁག་འབྲེལ་བརྗོད་གནང་བ་དང་། གྲངས་ཐོ་ཚན་པ་ནས་དཔྱ་དེབ་གསར་བཟོ་དང་ནོར་བཅོས། བོར་བརླག་བཅས་ཀྱི་རྩ་འཛིན་ལམ་སྟོན་དང་འགེངས་ཤོག་བཀང་རྒྱུའི་ཐད་འགྲེལ་བརྗོད་གནང་ཡོད་པ་བཅས་ཀྱི་ཉིན་གྲངས་གཉིས་རིང་ཚོགས་བཅར་བའི་དོགས་འདྲི་ཁག་ལ་དྲི་བ་དྲི་ལན་དང་ཕན་ཚུན་གོ་བསྡུར་ལྷུག་པོའི་ལམ་ནས་མཉམ་བཞུགས་གང་ལེགས་གནང་བ་བཅས། །