༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་། ཨ་རིའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ཟུང་སྦྲེལ་གྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ནོར་བུ་གླིང་ཁར་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གྱི་ལས་འཆར་དང་འབྲེལ་བའི་སློབ་སྟོན་ཚོགས་ཆུང་གི་ཚོགས་ཆེན་ཐེངས་དྲུག་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་(USAID) ཀྱི་ལས་འཆར་དོ་དམ་ཆེད་ལས་པ་ར་ད་ར་ནི་ཋ་ཀུ་རི་ཡ་ (Radharani Thakuria) ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཅིག་གི་དྲུང་ཆེ་ཆུང་རྣམ་པ། རྒྱ་གར་གནས་འཁོད་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་འགན་འཛིན་ལི་ལ་མུ་ལུ་ཀུཊ་ལ་ (Leela Mulukutla) ལགས། ལས་ཁུངས་སོ་སོའི་འབྲེལ་ཡོད་ལས་བྱེད་རྣམ་པ་ཚང་འཛོམས་ཀྱི་ཐོག་མར་རྒྱ་གར་གནས་འཁོད་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གི་འགན་འཛིན་ལི་ལ་མུ་ལུ་ཀུཊ་ལ་ལགས་ཀྱི་ཕེབས་བསུ་དང་འབྲེལ་ཚོགས་འདུའི་གྲོས་གཞི་ཁག་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་། སྐབས་དེར་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་གཞི་ལས་འཆར་གང་ཞིག་བརྩམ་ནའང་ཐབས་བྱུས་ལྡན་པའི་སྒོ་ནས་འཆར་གཞི་སྒྲིག་ན། ཕུགས་རྒྱང་རིང་པོར་ཕན་ཐོགས་པ་མ་ཟད། ལས་གཞི་དེ་ཉིད་གྲུབ་འབྲས་ལྡན་པ་ཡོང་ངེས་པས། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་འཛིན་སྐྱོང་སྲ་བརྟན་གཏོང་བའི་ལས་འཆར་དེ་ཉིད་ཀྱང་ཐབས་བྱུས་ལྡན་པའི་སྒོ་ནས་འཆར་འགོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་དང་སྦྲགས། ལས་གཞི་ལག་བསྟར་བྱེད་མཁན་དང་འབྲེལ་ཡོད་གཞུང་སྒེར་ཕན་ཚུན་བར་འབྲེལ་མཐུད་གནང་བའི་ཐོག་ནས་ལས་དོན་སྤེལ་ཐུབ་ཚེ་དགེ་མཚན་ཆེ་བ་ཡོད་སྐོར་ལམ་སྟོན་གནང་ཡོད། དེ་དང་འབྲེལ་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་རོགས་ཚོགས་མཉམ་ལས་ཀྱིས་གཞི་རྒྱ་ཆེ་བའི་གྲངས་འཛིན་འཕྲུལ་རིག་(digital) གི་ལས་གཞི་ཁག་ཅིག་སྤེལ་མུས་ཡིན་པ་གསལ་བཤད་གནང་རྗེས། བོད་མིའི་སྒྲིག་འཛུགས་ལ་ལས་གཞིའི་སླད་རོགས་དངུལ་ཇི་ཐོབ་བེད་སྤྱོད་ཚུལ་བཞིན་བྱས་ཏེ། གྲུབ་འབྲས་ཐོན་རྒྱུ་ཡོད་པ་བཟོ་དགོས་སྐོར་གསུངས།
དེ་ནས་ཨ་རིའི་རོགས་ཚོགས་ཀྱི་ལས་འཆར་དོ་དམ་ཆེད་ལས་པ་ར་ད་ར་ནི་ཋ་ཀུ་རི་ཡ་ལགས་ཀྱིས་འདས་པའི་ཉམས་མྱོང་ལ་གཞི་བཞག་ནས་མ་འོངས་མདུན་སྐྱོད་བྱ་ཕྱོགས་ལ་བསམ་གྲོས་ཞིབ་བསྡུར་གནང་གལ་དང་། ལས་གཞི་ལས་འཆར་གང་ཞིག་བརྩམ་ནའང་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས། སྤྱིར་ཉིན་གྲངས་གཅིག་གི་ཚོགས་འདུའི་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་འཆར་གཞི་གོང་འཕེལ་གྱི་ལས་གཞི་ཁག་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་དབུས་དང་ས་གནས་ཁག་གི་འཛིན་སྐྱོང་གི་ལས་དོན་ཚགས་ཚུགས་ཡོང་ཐབས་དང་འབྲེལ་བའི་ལས་གཞི་ཁག་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་འཕེལ་དང་སྒྲིག་འཛུགས་སྲ་བརྟན་གྱི་ལས་འཆར་དང་འབྲེལ་བའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་གཞི་ཁག་ངོ་སྤྲོད། དེ་བཞིན་ལས་འཆར་དང་འབྲེལ་བའི་ལས་གཞི་ཁག་རྒྱུན་གནས་དང་ལས་དོན་ཚགས་ཚུགས་ཡོང་སླད་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དང་། ཉིན་རྒྱབ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་སྐྱར་ཞིབ་ཀྱི་ལས་གཞིའི་ཆེད་དགོངས་ཚུལ་བསྡུ་རུབ་གནང་རྒྱུ་ཡིན་པ་བཅས།།