༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༠༧ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་བཀྲ་ཤིས་དབང་འདུས་མཆོག་གིས་ལྗགས་རྩོམ་གནང་བའི་རང་རྣམ། ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་དུ་སྲི་ཞུ་བསྒྲུབས། ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ལྷན་རྒྱས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁག་ཅིག་སོགས་ལྷན་ཞུགས་ཐོག་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ལྗགས་རྩོམ་གནང་བའི་རང་རྣམ། ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་དུ་སྲི་ཞུ་བསྒྲུབས། ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་ཡོད། དབུ་འབྱེད་མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦྲགས། ལས་རིམ་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་གྲོན། རྩོམ་པ་པོ་བཅས་ནས་དཔེ་དེབ་དབུ་འབྱེད་གནང་ཞིང་། དེ་ནས་རྩོམ་པ་པོ་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ལྟར། རང་རྣམ་རྩོམ་འབྲི་གནང་ཚུལ་གསལ་བཤད་གནང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གི་མཛད་རྗེས་ལ་ཡི་རངས་དང་། ཐུགས་བརྩོན་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་རྗེས་དྲན་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དང་ཐོག་མར་འབྲེལ་བ་བྱུང་ཚུལ་དང་། ཁོང་གིས་ལོ་ངོ་བཅུ་ཕྲག་བཞི་ལྷག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཐེག་པ་རིམ་འཛེགས་ཀྱིས་ལྷན་ཁང་དྲུག་གི་བཀའ་བློན་དང་། སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་རིམ་པ་བཞེས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་གནང་བ་དང་འབྲེལ། དེང་རབས་བོད་མི་གཞོན་སྐྱེས་རྣམས་ནས་བོད་བསྟན་སྲིད་མི་རིགས་ཆགས་འཇིག་གི་དུས་སྐབས་ཉག་ཕྲ་བའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་མཁན་སྲི་ཞུ་བ་རྒན་རབས་རྣམས་ནས་སྐུ་ལས་ཇི་སྐྱོན་དང་། བློས་གཏོང་ཆེན་པོ་གནང་བའི་མཛད་རྗེས་རྣམས་ཤེས་རྟོགས་ཀྱིས་སེམས་འགུལ་ཐེབས་པ་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པ་ནན་བརྗོད་གནང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་མི་རྒན་རབས་མཛད་རྗེས་ཅན་ཚོས་ལོ་རྒྱུས་ཀྱི་བདེན་དཔང་རང་ཉིད་ཀྱི་ལོ་རྒྱུས་འབྲི་རྩོམ་གནང་དགོས་པའི་ནན་སྐུལ་དང་སྦྲགས། བོད་མི་རྣམས་ནས་ལོ་རྒྱུས་ཀྱི་བདེན་དཔང་དང་། ཉམས་ཞིབ་ཀྱི་རྒྱུ་ཆ་ཡིག་ཚགས་ཁག་གཙིགས་ཆེར་འཛིན་ཏེ་གཅེས་ཉར་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་གནང་ཡོད་པ་བཅས།།