༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༤ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་བོད་དང་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་གོ་སྒྲིག་ཞུས་ཡོད།
དེ་ཡང་དུས་སྟོན་གྱི་ཐོག་མར་དགེ་འདུན་པ་དང་། བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཁཱན་ཨ་ན་མཆོད་རྟེན་གྱི་དགེ་འདུན་པ་ཐིག་ཁང་ད་ཧོ་ (Thich Quang Dao) ལགས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། བོད་དོན་རྒྱབ་སྐྱོར་བ་དང་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ཨེན་དྲི་གྷ་ཊོ་ལིན་ (André Gattolin) ལགས། པེ་རི་རིའི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་གྷེ་ནི་བི་བི་གྷ་རི་གོ་སི་ (Geneviève Garrigos) ལགས། པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་གུ་ཧི་ཏ་བ་ཅི་ (Guy Tabacchi) ལགས། བོད་རིགས་ཚོགས་པའི་ཚོགས་གཞོན་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིའི་སྟེང་གདན་ཞུ་གནང་། དེ་ནས་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རིག་གཞུང་རྒྱུན་འཛིན་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་དེ་ལྟ་བུའི་དུས་སྟོན་གལ་གནད་ཆེན་པོ་ཡིན་པ་གསལ་བཤད་དང་འབྲེལ། ཚོགས་བཅར་བ་རྣམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་བརྗེད་རྒྱུ་མེད་སྐོར་དྲན་སྐུལ་གནང་རྗེས་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཏོ་བ་ཅི་ལགས་དང་གྲོང་སྡེའི་ལྷན་ཚོགས་ཀྱི་ཚོགས་མི་གྷ་རི་གོ་སི་ལགས་ནས་དུས་སྟོན་ལ་མཉམ་ཞུགས་གནང་རྒྱུ་བྱུར་བར་དགའ་ཚོར་ཆེན་པོ་བྱུང་ཚུལ་དང་། དེ་ལྟ་བུའི་དུས་སྟོན་ལ་བརྟེན་ནས་པེ་རི་སི་དེ་བཞིན་རིག་གཞུང་སྣ་འཛོམས་ཀྱི་གྲོང་སྡེ་ཞིག་ཏུ་གྱུར་ངེས་ཡིན་པ་གསུངས།
དགེ་འདུན་པ་ཐིག་ཁང་ད་ཧོ་ལགས་ཀྱིས་སྔ་ལོ་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བ་དྲན་གསོ་དང་སྦྲགས། མགོན་པོ་མཆོག་གི་བྱམས་སྙིང་རྗེའི་ལམ་སྟོན་སྐོར་གསུངས་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་དུས་སྟོན་གྱི་གལ་གནད་དང་། གོ་སྒྲིག་པ་ཚོར་ཐུགས་རྗེ་ཆེ་གསུངས་ཡོད། གཞན་ཡང་དུས་སྟོན་ཐོག་དཀྱིལ་འཁོར་དང་། དེང་རབས་རི་མོའི་འགྲེམས་སྟོན། ནང་པའི་མཁོ་ཆས་ཚོང་ཁང་། བོད་ཟས་ཟ་ཁང་། གཞས་སྣ་འཁྲབ་སྟོན། སྒོམ་ཉམས་ལེན། སྙན་ངག་གྱེར་འདོན། བགྲོ་གླེང་ཚོགས་འདུ་སོགས་བསྐོང་ཚོགས་གནང་། སྐབས་དེར་ཕ་རན་སིའི་དྲང་བདེན་བློན་ཆེན་ཟུར་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་གྲོགས་སྐུ་ཞབས་ཨི་ལི་སི་བཊ་བྷ་ཊིན་ཊར་ (Robert Badinter) ལགས་ལ་རྗེས་དྲན་གྱི་ཚོགས་འདུ་ཞིག་ཀྱང་བསྐོང་ཚོགས་གནང་ཡོད་པ་རེད།
ཐེངས་འདིའི་བོད་དང་ཧི་མ་ལ་ཡའི་དུས་སྟོན་ཐོག་ཁྱོན་ཚོགས་བཅར་བ་མི་གྲངས་ལྔ་སྟོང་ལྷག་མཉམ་ཞུགས་གནང་སྟེ་ཐེངས་འདིའི་དུས་སྟོན་གྲུབ་འབྲས་ལྡན་པ་བྱུང་ཡོད་པ་བཅས།།