༄༅། །དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ག་ཇེནྡྲ་སིངྒ་ཤི་ཁ་ཝཊ་ (Shri Gajendra Singh Shekhawat) མཆོག་རྒྱ་གར་གྱི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་ནང་གནས་སྡོད་བོད་མི་ཡོངས་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱིས་རྒྱ་གར་ནི་འཕགས་པའི་ཡུལ་དུ་བརྩི་བཀུར་བྱེད་ཀྱི་ཡོད་ལ། བཙན་བྱོལ་བོད་མི་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཡུལ་སྲོལ་སོགས་ཉམས་ལེན་བྱེད་སའི་རང་གི་ཁྱིམ་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ང་ཚོས་དམིགས་བསལ་རྒྱ་གར་དབུས་གཞུང་ཆོས་རིག་ལྷན་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞུ་ན་རྒྱ་གར་ཆོས་རིག་ལྷན་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ནུས་ཤུགས་སྤེལ་བར་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་མགོན་པོ་གང་ཉིད་རྒྱ་གར་འཕགས་པའི་ཡུལ་གྱི་སྲས་ཡིན་པ་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་ཐུགས་མོས་ཆེན་པོ་གནང་གི་ཡོད། མགོན་པོ་གང་ཉིད་ཀྱིས་འགྲོ་བ་མི་རིགས་ཀྱི་ཕན་བདེ་ཆེད་དུ་རྒྱ་གར་གནའ་བོའི་ཆོས་དང་རིག་གཞུང་རྣམས་སླར་གསོ་གནང་རྒྱུའི་དགོངས་བཞེད་གནང་གི་ཡོད། རྒྱ་གར་དབུས་དང་མངའ་སྡེའི་གཞུང་གཉིས་ཀྱིས་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།
ང་ཚོའི་བར་དུས་རབས་མང་པོའི་རིང་ཆོས་དང་རིག་གཞུང་གི་འབྲེལ་བ་མུ་མཐུད་གནས་པའི་སྐབས་འདིར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆོས་བརྒྱུད་ཀྱི་རྩ་བ་བརྟན་པོ་ཚུགས་པའི་བོད་ཀྱི་ནང་བསྟན་དང་རིག་གཞུང་གོང་འཕེལ་གཏོང་བའི་རླབས་ཆེན་གྱི་མཛད་འཕྲིན་ལ་ཁྱེད་རྣམ་པས་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་རེ་བ་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ག་ཇེནྡྲ་སིངྒ་ཤི་ཁ་ཝཊ་མཆོག་ལ་བྱ་བ་ལམ་ལྷོངས་ཡོང་བའི་འཚམས་འདྲི་གནང་ཡོད་པ་བཅས།།