༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་བློན་སྐུ་ཞབས་སུབྲཧྨཎྱམ་ཇ་ཡ་ཤཾཀར་ (Dr. Subrahmanyam Jaishankar) མཆོག་སླར་ཡང་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་ནང་གནས་སྡོད་བོད་མི་རྣམས་ལ་རྒྱབ་སྐྱོར་གཡོ་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་བོད་མི་ཚོར་མཚོན་ན། རྒྱ་གར་ནི་འཕགས་པའི་ཡུལ་དུ་བརྩི་ཞིང་། བཙན་བྱོལ་བོད་མི་ཚོར་མཚོན་ན། རྒྱ་གར་ནི་ཕ་ཡུལ་དང་ཁ་བྲལ་ནས་ཁྱིམ་གཞིས་གཉིས་པ་ལྟ་བུར་གྱུར་ཏེ། ང་ཚོས་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་ཉམས་ལེན་བྱེད་པར་ཕན་ཐོགས་བྱུང་ཡོད།
སྐུ་ཉིད་ཀྱི་རིག་རྩལ་རྣོ་ཞིང་ནུས་པ་ལྡན་པའི་ཕྱི་འབྲེལ་སྲིད་བྱུས་ལ་བརྟེན་ནས་འཛམ་གླིང་སྡིངས་ཆའི་སྟེང་རྒྱ་གར་གྱི་གོ་གནས་མཐོ་རུ་ཕྱིན་ཡོད། རྒྱ་གར་ནི་གྲོས་མོལ་དང་འཚེ་མེད་ཞི་བའི་རྩ་དོན་ལ་རྩ་བ་བརྟན་པོ་ཚུགས་ཟིན་པས། དེང་གི་དོན་སྙིང་མེད་པའི་དམག་འཁྲུག་དང་། ཟིང་འཁྲུག་ཆེ་བའི་སྐབས་འདིར་འཛམ་གླིང་ལ་བདེ་འཇགས་སྐྲུན་པར་ཞབས་འདེགས་ཞུ་རྒྱུ་ནི་སྔར་ལས་གལ་འགངས་ཆེ་བར་གྱུར་ཡོད་པ་རེད། ཞེས་གསུངས་པ་འབྲེལ་ཕྱི་སྲིད་བློན་ཆེན་མཆོག་གིས་འཛམ་གླིང་སྡེངས་ཆའི་སྟེང་རྒྱ་གར་གྱི་འཚེ་མེད་ཞི་བ་དང་། གྲོས་མོལ། མཉམ་འབྲེལ་བཅས་ཀྱི་རིན་ཐང་རྣམས་སྲུང་སྐྱོབ་གནང་བར་བསྔགས་བརྗོད་གནང་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་དུས་རབས་མང་པོའི་རིང་གི་ཆོས་ཕྱོགས་དང་ཐབས་བྱུས་ཀྱི་འབྲེལ་ལམ་དེ་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན། ང་ཚོའི་མཛའ་བརྩེ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བོད་རྒྱའི་དཀའ་རྙོག་དེ་མྱུར་དུ་སེལ་བར་སྐུ་ཉིད་ནས་མུ་མཐུད་རྒྱབ་སྐྱོར་དང་མཉམ་ལས་ཡོང་བའི་རེ་སྨོན་ཞུ་གི་ཡོད། བོད་མི་ཚོས་བོད་དོན་འཐབ་རྩོད་ཆེད་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་འཚེ་མེད་ཞི་བའི་སྲོལ་རྒྱུན་ལས་སེམས་སྐུལ་བློ་སྐྱེད་མུ་མཐུད་ལེན་བཞིན་ཡོད། ཅེས་གསུངས་ཡོད་པ་བཅས།།