༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་དང་། རྒྱལ་ཡོངས་མང་གཙོ་མཐུན་སྦྲེལ་ཚོགས་པར་གྲོས་ཚོགས་འོག་མའི་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། སྲིད་བློན་མོ་དཱི་མཆོག་གིས་སྲིད་བློན་གྱི་ལས་ཡུན་ཐེངས་གསུམ་པ་དབུ་འཛུགས་གནང་བར་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དེ་ནི་མི་མང་གིས་སྐུ་ཉིད་དང་། སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་ཡོད་པ་མཚོན་གྱི་ཡོད། སྐུ་ཉིད་ནས་མུ་མཐུད་རྒྱ་གར་མི་མང་གི་བདེ་སྡུག་དཀའ་ངལ་སེལ་ཐབས་སླད་སྔར་བཞིན་ཕྱག་ལས་རྒྱ་ཆེ་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།
རྒྱ་གར་གཞུང་མང་གཉིས་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་མཐུན་འགྱུར་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱིས་སྣེ་ཁྲིད་པའི་རྒྱ་གར་གཞུང་གིས་མུ་མཐུད་སྔར་བཞིན་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །