༄༅། །འདི་གར་ཐའི་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༨ སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༠།༣༠ བར་ཆུ་ཚོད་གཅིག་ཙམ་རིང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་ཐའེ་ཝན་ནང་སྲིད་ལས་ཁུངས་ཀྱི་ཡིག་ཚང་དུ་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་མྭ་ཧྲི་ཡོན་ (Sawyer Mars) མཆོག་དང་། ཕྱི་མི་གནས་སྤོ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ (LEE, HIS-ZEN) ལགས་དང་ལས་བྱེད་བཅས་བོད་མི་ཚོ་ཐའེ་ཝན་དུ་གནས་སྡོད་ཆོག་པའི་ཡིག་ཆ་ཞུ་སྐབས་དཀའ་ངལ་ཇི་འཕྲད། གཞན་ཡང་ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༡ ཉིན་ཐའེ་ཝན་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་ལ་རྒྱལ་ཁབ་མེད་པའི་ཕྱིར་བསྐྱོད་ལག་དེབ་བསྣམས་ཕེབས་མཁན་རྣམས་སློབ་འཇུག་མི་ཆོག་པའི་བཀོད་ཁྱབ་བཏང་བ་དེས་བོད་མི་ཚོར་དཀའ་ངལ་ཇི་འཕྲད་སོགས་ཀྱི་གནས་ཚུལ་ཚ་ཚང་ཞུས་པར། བློན་ཆེན་གཞོན་པ་མཆོག་ནས་ནང་སྲིད་བློན་ཆེན་ལྕམ་ལིའུ་ཧྲི་ཧྥང་ (LIU SHYH-FANG) མཆོག་ནས་བོད་མི་དང་འབྲེལ་བའི་གནད་དོན་དཀའ་ངལ་ཇི་ཞུས་ལ་ངེས་པར་ཀ་ཀོར་མེད་པར་སེལ་ཐབས་དགོས་པའི་བཀོད་མངགས་བྱུང་ལུགས་དང་། གཞན་ཡང་གཤམ་འོག་ལས་བྱེད་རྣམས་ལ་གང་ཅིའི་མཐུན་རྐྱེན་ལེགས་ཤོས་ཕུལ་དགོས་པའི་བཀོད་མངགས་ནན་པོ་གནང་སོང་།
བློན་ཆེན་གཞོན་པ་སྐུ་ཞབས་མྭ་ཧྲི་ཡོན་མཆོག་ནི་ནང་སྲིད་ཁྱབ་ཁོངས་ཕྱི་མི་གནས་སྤོས་སྡེ་ཚན་དང་། ཉེན་རྟོག་པ། གནམ་ཐང་བདེ་འཇགས་ལས་དོན་སོགས་ཀྱི་འགན་བཞེས་ཀྱི་ཡོད་སྟབས་བོད་མི་ཚོ་ཡར་མར་འགྲུལ་བཞུད་དང་ཐའེ་ཝན་དུ་གནོད་སྡོད་ལག་འཁྱེར་ཕར་འགྱངས་ཞུ་རྒྱུ་སོགས་ལ་རོགས་སྐྱོར་ལེགས་པོ་ཐོབ་རྒྱུའི་རེ་བ་ཡོད་པ་རེད།
ད་ཐེངས་མཇལ་མོལ་གྱི་རྗེས་སུ། ཕྱི་མི་གནས་སྤོ་སྡེ་ཚན་ནས་ཆེད་དུ་དོན་ཁང་ལ་ཞལ་པར་བརྒྱུད་སློབ་སྦྱོང་མཐོང་མཆན་ཐོག་གནས་སྡོད་ལག་འཁྱེར་ཞུ་དགོས་རིགས་དུས་ཚོད་སྔ་བསྣུར་སྙན་སེང་ཞུ་ཆོག་པ་དང་། ཐོངས་མཆན་དུས་ཡུན་མ་རྫོགས་གོང་དུ་གནས་སྡོད་ལག་འཁྱེར་ཐོབ་རྒྱུའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པའི་བཟང་ཕྱོགས་ཀྱི་བརྡ་ལན་འབྱོར་ཡོད་པ་དང་བཅས།།