༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་ཆེད་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁོར་དགོན་སྡེ་ཁག་བདུན་གྱི་ཡིག་ཚགས་རྟོག་ཞིབ་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་རྒྱ་གར་བྱང་ཕྱོགས་ས་ཁུལ་གྱི་ཡིག་ཚགས་རྟོག་ཞིབ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༡༥ ནས་སྔ་འགྱུར་ཤུགས་གསེབ་བཙུན་དགོན་ནས་དབུ་འཛུགས་ཀྱིས་ཟབ་གསང་ཆོས་འཁོར་གླིང་དང་། དགའ་ལྡན་ཆོས་གླིང་བཙུན་དགོན། སྐྱིད་གྲོང་བཀྲ་ཤིས་ཆོས་གླིང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་དཔེ་མཛོད་ཁང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་སུ་རྟོག་ཞིབ་གནང་ཡོད་པ་དང་། ཕྱི་ཟླ་ ༠༥ ཚེས་ ༢༡ ཉིན་རྟོག་ཞིབ་ཉིན་མཐའ་མར་ཨ་རིའི་རོགས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ཡིག་ཚགས་རྟོག་ཞིབ་དང་། གྲངས་འཛིན་སྒྱུར་འཇུག་གི་བརྒྱུད་རིམ་གཟིགས་སྐོར་གནང་བར་ཕེབས་པ་དང་སྦྲགས། ཆོས་རིག་ལས་ཁུངས་དང་མཉམ་ལས་གནང་མཁན་ཚོགས་པའི་ལས་བྱེད་ལྷན་གྲོས་མོལ་ལྷུག་པོ་གནང་ཡོད། ཡིག་ཚགས་རྟོག་ཞིབ་ལས་གཞིའི་བརྒྱུད་རིམ་ཁྲོད་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞིའི་ལས་བྱེད་རྣམས་ཀྱིས་དཔེ་མཛོད་དོ་དམ་པ་རྣམས་ལ་ (TLMS) མཉེན་ཆས་བཀོལ་སྤྱོད་བྱེད་ཕྱོགས་དང་། དཔེ་མཛོད་སྟངས་འཛིན་བྱེད་ཕྱོགས་ཀྱི་མ་ལག་སྒྲིག་སྟངས། དེ་བཞིན་གྲངས་འཛིན་སྒྱུར་འཇུག་བྱེད་ཐབས་སྐོར་སློབ་སྟོན་གནང་བ་མ་ཟད། དེ་དོན་མཁོ་ཆས་ཁག་ཅིག་མཁོ་སྤྲོད་གནང་ཡོད།
བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་འཆར་དེ་ནི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཨ་རིའི་རོགས་ཚོགས་ནས་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ (Strengthening Cultural Resilience of Tibetan Community) ཞེས་པའི་ལས་གཞིའི་འོག་དཔལ་འབྱོར་མཐུན་འགྱུར་སྦྱར་ཡོད་པ་བཅས།།