
དེ་ནས་ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༤ ཉིན་ཁོང་དང་རོགས་པ་འགས་སྣེ་གདོང་ཟམ་པའི་སྟེང་ཆབ་སྲིད་ཀྱི་ཡིག་ཆ་བཀྲམས་པ་བཅས་ལ་བརྟེན་ནས་ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་ ༡༥ ཉིན་ཁོང་འཛིན་བཟུང་གིས་ཟླ་ ༧ ཚེས་ ༡༡ ཉིན་ལྷོ་ཁ་རྩེད་ཐང་ཁྲིམས་ཁང་ཟེར་བས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་བཅུག་བྱས་ནས་མཐར་ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༡༦ ཉིན་གློད་བཀྲོལ་བཏང་ཡོད་འདུག
ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༨ ཉིན་བཞུགས་སྒར་དུ་བཙན་བྱོལ་ལ་འབྱོར། ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་དགུ་བཅུ་གསུམ་གྱི་ལས་འགུལ་ཚོགས་པའི་དྲུང་ཆེ་གནང་མྱོང་བ་རེད། ཁོང་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༠ ཡི་ཕྱི་དྲོ་བྱང་ཨ་རིར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། དམ་པ་ཁོང་ཉིད་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་འཛིན་པའི་ཐུགས་སྨོན་སྐྱབས་འཇུག་དང་ཤུལ་ལུས་ནང་མི་རྣམས་ལ་མྱ་ངན་གུས་འདུད་ཞུ། །