༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས ༡༠ ཉིན་ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་འཆར་ཞིག་གཏན་འབེབས་གནང་ཡོད།
དེ་ཡང་གྲོས་འཆར་དེའི་ནང་རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་བོད་ཀྱི་ཆོས་དང་རིག་གཞུང་བཙན་སྒྱུར་བྱེད་བཞིན་པར་སྐྱོན་བརྗོད་དང་། བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐེ་བའི་ཆོས་ལུགས་དང་། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་དང་འབྲེལ་བའི་སྲིད་བྱུས་ལ་ཕྱི་ཡི་ཐེ་བྱུས་མེད་པར་རང་དབང་གིས་གདམ་རྒྱུའི་ཐོབ་ཐང་དགོས་རྒྱུར་ནན་བརྗོད་གནང་ཡོད།
ཁེ་ན་ཊའི་གྲོས་ཚོགས་འོག་མའི་བོད་དོན་གྲོས་འཆར་དེ་ཉིད་ཁེ་ན་ཊའི་སྲིད་དོན་ཚོགས་པ་ (Bloc Quebecois) ཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལེག་སི་བུ་རུ་ནེ་ལི་དུ་སེབ་བི་ (Alexis Brunnelle-Duceppe) ལགས་ཀྱིས་ངོ་སྤྲོད་གནང་ཡོད།
ཁེ་ན་ཊའི་གྲོས་ཚོགས་འོག་མའི་ནང་གྲོས་འཆར་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེག་སི་ (X) སྤྱི་ཚོགས་དྲྭ་རྒྱ་བརྒྱུད། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྐོར་གྲོས་འཆར་གཏན་འབེབས་གནང་བ་དེས་བོད་ནང་གི་བོད་མི་ཚོའི་བློས་གཏོང་འཐབ་རྩོད་དེ་བརྗེད་མེད་པའི་བརྡ་ལན་ཤུགས་ཆེན་པོ་སྤྲད་ཡོད། གྲོས་ཚོགས་འཐུས་མི་ཨེ་ལེག་སི་བུ་རུ་ནེ་ལི་དུ་སེབ་བི་ (Alexis Brunnelle-Duceppe) ལགས་དང་། གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཆབ་སྲིད་ཚོགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲོས་འཆར་འདི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་གསལ་པོར་བསྟན་པ་ཙམ་མ་ཡིན་པར། རྒྱ་ནག་གིས་བོད་ནང་གོ་རིམ་ལྡན་པའི་སྒོ་ནས་བོད་ཀྱི་རིག་གཞུང་བཙན་སྒྱུར་གཏོང་བཞིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པ་བཅས་ལ་གདོང་ལེན་བྱེད་ངེས་རེད། ཅེས་གསུངས་འདུག
སྤྱིར་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྱང་ཨ་རིའི་ཁུལ་དུ་གཟའ་འཁོར་གསུམ་མ་ཟིན་ཙམ་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་ཁུ་བེག་སྲིད་དོན་ཚོགས་པའི་ (Bloc Québécois) དབུ་ཁྲིད་དང་། གྲོས་ཚོགས་འཐུས་མི་ཨེ་ལེག་སི་བུ་རུ་ནེ་ལི་དུ་སེབ་བི་ (Alexis Brunnelle-Duceppe) ལགས་དང་ལྷན་མཇལ་མོལ་གནང་སྟེ། བོད་རྒྱའི་དཀའ་རྙོག་དང་། བོད་མི་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཀྱི་ཡོད་སྐོར་ཞུ་སྐུལ་གནང་ཡོད།
ཐེངས་འདིའི་མངོན་གསལ་དོད་པའི་གྲུབ་འབྲས་འདི་ནི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། ཁེ་ན་ཌའི་བོད་དོན་ལྷན་ཚོགས་བཅས་ཀྱིས་ཁེ་ན་ཊའི་གྲོང་ཁྱེར་མོན་ཀྲེལ་དང་། ཨོ་ཊ་བ། ཨ་རིའི་ཝ་ཤིང་ཀྲོན་ཁུལ་དུ་ཁུ་བེག་སྲིད་དོན་ཚོགས་པའི་དབུ་ཁྲིད་ལྷན་དུ་མཇལ་མོལ་ཞུ་སྐུལ་རིམ་པ་གནང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་བཅས།།