༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་། ཁྱབ་ཁོངས་ཨ་རིའི་སྐུ་ཚབ་དོན་ཁང་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་པའི་ཁེ་ན་ཊ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཟབ་སྦྱོང་གི་ཉིན་གྲངས་གཉིས་པར་ཨི་ལི་ཨོཊ་མཐོ་སློབ་ཀྱི་ཉམས་ཞིབ་དགེ་རྒན་བཀྲ་ཤིས་རབ་རྒྱས་ལགས་ཀྱིས་བོད་ཀྱི་གནད་དོན་འཛམ་གླིང་ལ་འགྲེལ་བརྗོད་གླེང་སློང་གནང་སྟངས་སྐོར་ངོ་སྤྲོད་དང་འབྲེལ། བོད་ཆོལ་ཁ་གསུམ་གའི་ནང་བོད་རིགས་ཀྱི་གྲངས་མང་བ་ཡོད་པས། བོད་མི་རྣམས་གྲངས་ཉུང་མི་རིགས་ཤིག་ཏུ་བརྩི་མི་རུང་བ་སོགས་ཀྱི་སྐོར་གསལ་བཤད་ཞིབ་ཕྲ་གནང་རྗེས་གྲོས་ཚོགས་འཐུས་མི་ཨ་རིབ་ཝ་རི་ནཱ་ལགས་ཀྱི་ལས་ཁུངས་སུ་ཕྱག་ལས་གནང་མཁན་ཕུན་ཚོགས་དབང་མོ་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་ཀྱི་སྤྱི་བཤད་དང་། གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་བའི་བྱེད་སྒོ་དང་གལ་གནད། དེ་བཞིན་གྲོས་ཚོགས་སུ་ཞུ་གཏུག་གནང་ཐབས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། ཁེ་ན་ཌའི་ཚོང་དོན་ལས་ཁང་གི་རྒྱལ་སྤྱིའི་སྲིད་བྱུས་ངེས་སྟོན་པ་དགའ་འཕེལ་ལགས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ཏེ་ཞུ་གཏུག་གནང་ཕྱོགས་དང་། ཁེ་ལས་ཀྱི་ཁེ་ཕན་དང་ཞུ་གཏུག་གི་ཁེ་ཕན་གཉིས་མཐུན་དགོས་ཚུལ་འགྲེལ་བརྗོད་གནང་། ཉིན་རྒྱབ་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཁེ་ན་ཌ་སྲིད་གཞུང་ལ་ཞུ་གཏུག་གནང་སྟངས་སྐོར་ལམ་སྟོན་ཞིབ་ཕྲ་གནང་རྗེས་ཚོགས་བཅར་བ་རྣམས་སྡེ་ཚན་བཞི་རུ་བགོས་ཏེ། ལག་ལེན་གྱི་སྦྱོང་བརྡར་དང་འཁྲབ་སྟོན་སོགས་བརྒྱུད་ནས་ཞུ་གཏུག་སྦྱོང་བརྡར་གནང་ཡོད།ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༠ ཉིན་ཁེ་ན་ཌའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་དང་། ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་ཨོ་ཊ་ཝཱ་གྲོང་ཁྱེར་དུ་བོད་དོན་ཞུ་གཏུག་ལ་མཉམ་ཞུགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཞུས། སྐབས་དེར་ཁེ་ན་ཊའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་མི་རྣམས་ནས་ཁུ་བེག་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེ་ལེག་སི་ (Alexis Brunnelle-Duceppe) ལགས་དང་། གྲོས་ཚོགས་འཐུས་མི་ཛི་ཧཊ་ཨ་བོལ་ཏེབ་ (Ziad Aboultaif) ལགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་བཅས།།