༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ༸རྒྱལ་བའི་ལྷག་དཀར་ཉིན་དང་སྟབས་བསྟུན་དེ་རིང་ཕྱི་ལོ་ ༢༠༢༤ཟླ་བ་ ༦ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༢།༣༠ བར་གཞིས་སྤྱི་མི་མང་ཚོགས་ཁང་དུ་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་མཉམ་སྦྲེལ་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་ཡང་སྒོས་བོད་གངས་ཅན་པའི་ཆེད་དུ་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པ་དང་། ལྷག་པར་མགོན་པོ་གང་ཉིད་རིང་མིན་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཕེབས་གཏན་ཁེལ་བས་སྨན་བཅོས་སོགས་ལམ་ལྷོངས་ཡོང་ཕྱིར་སྐུ་ཕྱྭའི་ཞབས་རིམ་སྨན་བླའི་གཟུང་སྔགས་གསུང་འདོན་གནང་།
དེ་ཡང་ཞབས་རིམ་ཐོག་དགའ་ལྡན་ཚོགས་ཆེན་གྱི་ཆེན་མོ་དང་། ཤར་བྱང་གཉིས་ཀྱི་ཆེན་མོ། ཤར་རྩེ་གྲྭ་ཚང་ནས་དགེ་བཤེས་ལྔ་བཅས་གདན་འདྲེན་ཞུས་པ་དང་། མི་མང་ ༧༠༠ ཡས་མས་མཉམ་ཞུགས་གནང་ཡོད་པ་བཅས། །