༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༠༨ ཉིན་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Initiative Deutschland) དབུ་བརྙེས་ཏེ་ལོ་ངོ་ ༣༥ འཁོར་བའི་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་རྗེས་དྲན་གྱི་གསུང་འཕྲིན་སྩལ་ཡོད།
དེ་ཡང་མཛད་སྒོའི་ཐོག་སུད་སི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་ཞིང་། གསུང་འཕྲིན་ནང་མགོན་པོ་མཆོག་གིས་ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་འདས་པའི་ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞེས་བཀའ་གནང་བ་མ་ཟད། ཚོགས་པའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་ཞབས་འདེགས་གང་ལེགས་ཞུས་པར་ཆེ་མཐོང་ངོས་འཛིན་དང་། བོད་མིའི་རང་དབང་སླར་གསོ་དང་ཞི་བདེ་ལྡན་པའི་འཛམ་བུ་གླིང་སྐྲུན་པར་ཞོགས་འདེགས་གནང་བར་བཀའ་དྲིན་རྗེས་དྲན་གནང་ཡོད་པ་རེད།
དེ་མཚུངས་མཛད་སྒོའི་ཐོག་ཇར་མ་ནིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་མ་ཧི་ཀལ་བྷེ་རེན་ཊ་ (Michael Brand) ལགས་གཙོས་པའི་གྲོས་ཚོགས་འཐུས་མི་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། ཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝུལ་ཕ་གྷེང་(Wolfgang) ལགས། སུད་སི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས། ཐའི་ཝན་གྱི་སྐུ་ཚབ་ཤེ་ཧེ་ (Shieh) ལགས། རྒྱལ་སྤྱིའི་བོད་དོན་ལས་ཁུལ་ཁང་གི་ཀའི་མུ་ལར་(Kai Muller) ལགས། ཇར་མ་ནིའི་ནང་གི་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཞུགས་གནང་ཡོད།
ཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་ཕྱི་ལོ་ ༡༩༨༩ ལོར་བོད་མིའི་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་སླད་གསར་འཛུགས་གནང་ཞིང་། ཚོགས་པ་དེ་ཉིད་ཇར་མ་ནི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་གལ་ཆེ་ཤོས་གྲས་ཤིག་ཡིན་པ་བཅས།།