༄༅། །བོད་དོན་ལ་རྒྱབ་སྐྱོར་ཡུན་རིང་གནང་མཁན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལའོ་སི་མཆོག་ལ་ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ཞེས་པའི་ཨ་རིའི་ཆེས་མཐོའི་མི་སེར་གཟེངས་རྟགས་དེ་ཕུལ་ཡོད།
སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་ནི་ཨ་རིའི་དཔལ་འབྱོར་དང་། རིན་ཐང་། བདེ་འཇགས། འཛམ་གླིང་ཞི་བདེ། ཡང་ན། སྤྱི་ཚོགས་དང་མི་སྒེར་བཅས་ཀྱི་ལས་དོན་གལ་ཆེན་གཞན་ལ་མིག་དཔེ་འོས་པའི་ཞབས་འདེགས་ཞུས་པར་ཆེ་བསྟོད་ངོས་འཛིན་ཞུ་ཆེད་སྩལ་གྱི་ཡོད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ཁོང་ནི་གྲོས་ཚོགས་སུ་ཚོགས་གཙོ་འོས་འདེམས་བྱུང་བའི་བུད་མེད་ཐོག་མ་དང་གཅིག་པུ་དེ་ཡིན་པ་དང་། ཁོང་མོས་ཨ་རིའི་གྲོས་ཚོགས་སུ་མི་ལོ་བཅུ་ཕྲག་གསུམ་དང་ཕྱེད་ཀའི་རིང་ལ་བོད་ཀྱི་རྩ་དོན་ལ་ངལ་བ་མེད་པར་རྒྱབ་སྐྱོར་གནང་ཡོད་ཅིང་། ཁོང་མོའི་གཡོ་བ་མེད་པའི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་མོ་ནི་འཛམ་གླིང་ནང་གི་བོད་ཀྱི་མཐུན་གྲོས་ནུས་སྟོབས་ཆེ་ཤོས་སུ་གྱུར་ཡོད་པ་རེད།
ཕྱི་ཚེས་ ༠༣ ཉིན་ཁོང་མོར་རང་དབང་གཟེངས་རྟགས་ཕུལ་བའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ (X) ནང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལའོ་སི་མཆོག་ལ་ཨ་རིའི་མི་སེར་གཟེངས་རྟགས་མཐོ་ཤོས་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ཐོབ་པར་བོད་མིའི་སྒྲིག་འཛུགས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།