༄༅། །ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བཏོན་པའི་ཕྱི་ལོ་ ༢༠༢༣ ལོའི་ལོ་འཁོར་སྙན་ཐོའི་ནང་། བོད་མི་ཚོས་ཆོས་དད་རང་མོས་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་པ། དྲ་ལམ་ནས་གནས་ཚུལ་བརྗེ་རེས་བྱེད་པ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པར་ཉེས་ཆད་བཏང་སྟེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་སྔར་བཞིན་མུ་མཐུད་གཏོང་བཞིན་པ་གསལ་སྟོན་གནང་ཡོད།
དེ་ཡང་ལོ་འཁོར་སྙན་ཐོ་དེའི་ནང་དུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༦ ཚེས་ ༣༠ བར་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་སྒྱུར་གྱི་གནས་སྟངས་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་གཉིས་ཀྱི་དབར་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་གྲོས་མོལ་བསྐྱར་གསོ་བྱུང་མེད་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་གཞུང་གིས་སྟངས་འཛིན་ཐེ་བྱུས་བྱེད་བཞིན་པ་གསལ་སྟོན་གནང་ཡོད།
ཕྱོགས་མཚུངས་སྙན་ཐོའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་མིར་དབང་སྒྱུར་དང་། ལྟ་རྟོག་བཙན་གནོན། དྲག་གནོན་བྱེད་ཐབས་སུ་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རབ་དང་། འཇའ་སྐྱིའི་བརྟག་དཔྱད་བྱེད་བཞིན་པ་ཐེར་འདོན་གནང་བ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཡིག་སློབ་གྲྭ་སྒོ་རྒྱག་པ་དང་། རྒྱ་ཡིག་སློབ་ཚན་ལས་གཞན་པའི་སྐད་ཡིག་སློབ་ཁྲིད་བྱེད་མི་ཆོག་པ། བོད་ཕྲུག་ཚོ་བཙན་ཤེད་ཀྱིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་པ་སོགས་བརྒྱུད་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་དམ་བསྒྲགས་གཏོང་བཞིན་པའི་སྲིད་བྱུས་གསལ་སྟོན་གནང་ཡོད། དེ་མ་ཟད་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་སྙན་ཐོའི་དེའི་ནང་རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་། མགོན་པོ་གང་ཉིད་མཆོག་གི་སྐུ་པར་འགྲེམས་སྤེལ་མི་ཆོག་པ་མ་ཚད། དྲྭ་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བ་དང་། ཕྱི་རྒྱལ་ལ་ཞལ་འདེབས་གཏོང་བ་སོགས་ལའང་ཉེས་ཆད་བཙོན་འཇུག་གིས། བཙོན་ཁང་དུ་འདས་གྲོངས་སུ་གྱུར་པ་དང་ཉེན་རྟོག་པས་མནར་གཅོད་གཏོང་གི་ཡོད་པའི་གནས་སྟངས་ཐེར་འདོན་གནང་ཡོད་པ་རེད།
གཞན་ཡང་སྙན་ཐོའི་ནང་བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་བའི་རྗེས་སུ། ཏོག་དབྱིབས་གཉན་རིམས་རྩ་མེད་གཏང་རྒྱུའི་སྲིད་བྱུས་དམ་པོ་ལག་བསྟར་བྱས་པའི་ཤུགས་རྐྱེན་དང་། སྲིད་བྱུས་ལག་བསྟར་ཚུལ་བཞིན་མ་བྱས་པར་མི་མང་གིས་སྐྱོན་བརྗོད་དང་ངོ་རྒོལ་བྱས་པ། དེ་བཞིན་སྲིད་གཞུང་གིས་ངོ་རྒོལ་བྱེད་མི་རྣམས་འཛིན་བཟུང་བྱས་ཤིང་། དམིགས་བསལ་བོད་མི་རྣམས་ལ་དབྱེ་འབྱེད་བྱས་ཚུལ་གསལ་སྟོན་གནང་ཡོད།
ཁྱད་པར་དུ་ཕྱི་ལོ་ ༢༠༢༣ ལོའི་སྙན་ཐོ་དེའི་ནང་། འཕྲུལ་རིག་གིས་རྒྱབ་རྟེན་བྱས་པའི་དབང་ཆ་གཅིག་སྡུད་རིང་ལུགས། ཞེས་པའི་ལེའུ་གསར་པ་ཞིག་བཀོད་ཡོད་པ་དེའི་ནང་། གསར་དུ་ཐོན་པའི་འཕྲུལ་རིག་གིས་རྒྱ་ནག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་ཐོག་དྲག་གནོན་དང་། ཞིབ་བཤེར་ལྟ་རྟོག་བྱེད་པར་མཐུན་རྐྱེན་བསྐྲུན་གྱི་ཡོད་སྐོར་གསལ་ཡོད།
དེ་དང་འབྲེལ་ཏེ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཚུང་ངོས་ནས་ཨ་རིའི་གྲོས་ཚོགས་དང་། འཛིན་སྐྱོང་དཔོན་རིགས་ཚོར་ལམ་སྟོན་ཁག་ཅིག་གནང་བ་གཤམ་གསལ།
༡༽ འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་དང་། གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་དམིགས་བསལ་སྙན་ཞུ་བ། ཤེས་ཡོན་ཐོབ་ཐང་ཐོག་དམིགས་བསལ་སྙན་ཞུ་བ་བཅས་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་པ་རྣམས་རྒྱ་ནག་དམར་ཤོག་ཚོགས་པ་དང་། གཞུང་གི་ལས་བྱེད་པ་ཚོའི་བཀག་འགོག་དང་འགོག་རྐྱེན་གང་ཡང་མེད་པར་བོད་དུ་ཕེབས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རང་དབང་གིས་དཔྱད་ཞིབ་བྱ་རྒྱུ་དང། ཁོ་ཚོའི་དཔྱད་ཞིབ་ཀྱི་གྲུབ་དོན་སྙན་ཐོ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ལ་དབུལ་རྒྱུ་བཅས་ལ་རོགས་རམ་ཡོང་བའི་ཆེད་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱེད་དགོས།
༢༽ བཙན་ཤེད་ཀྱི་སྒོ་ནས་སྐྱེ་ལྡན་བཤེར་རྟགས་ཀྱི་གྲངས་ཐོ་བསྡུ་རུབ་དང་། སོ་ལྟའི་ལས་འཆར་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བར་བཀོལ་བའི་ཡོ་ཆས་ཨ་རིའི་ཁེ་ལས་ཚོང་པས་རྒྱ་ནག་ལ་བཙོང་རྒྱུ་དང་། མཁོ་སྤྲོད་བྱེད་རྒྱུ་བཀག་འགོག་བྱེད་པར་འོས་ཤིང་འཚམ་པའི་ཁྲིམས་ལུགས་གཏན་འབེབས་དང་ལག་བསྟར་བྱེད་དགོས།
༣༽ བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ལ་ནང་པའི་ལམ་སྲོལ་དང་མཐུན་པའི་སྒོ་ནས་སློབ་གསོ་སྤྲོད་རྒྱུ་དེ་བོད་མི་ནང་པ་ཚོའི་ཐོབ་ཐང་ཡིན་པར་བརྩི་བཀུར་ཡོང་ཆེད། བློ་མཐུན་རྒྱལ་ཁབ་ཁག་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་རྒྱ་ནག་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པར་གནོན་ཤུགས་སྤྲོད་པར་མཉམ་འབྲེལ་གྱི་ལས་དོན་སྒྲུབ་དགོས།
༤༽ རྒྱ་ནག་གཞུང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ངོས་འཛིན་བྱ་རྒྱུ་མཚམས་འཇོག་གིས། རྒྱ་ནག་གཞུང་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་མཆོག་གི་སྐུ་ཚབ་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་བསྐྱར་གསོ་ཡོང་བའི་འབོད་སྐུལ་གནང་རྒྱུ།
༥༽ རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཚོ་དང་འབྲེལ་ལམ་བྱེད་སྐབས། ཞི་བའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སུ་སྤྱད་པའི་རྒྱུ་མཚན་གྱིས་ད་ལྟ་བཀག་ཉར་རམ་བཙོན་འཇུག་བྱས་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་དགོས། གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཞིབ་ཐོ་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པའི་ལོ་རྒྱུས་རྣམས་འདི་ལྟ་བུའི་ཞུ་གཏུག་ལས་དོན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། རྒྱ་ནག་གཞུང་དང་འབྲེལ་ཡོད་ཁྲིམས་སྒྲིག་ལག་བསྟར་བྱེད་མཁན་ལས་ཁུངས་རྣམས་ཀྱིས་ཞི་བའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་མཁན་བོད་མི་རྣམས་རང་སྣང་གང་དྲན་གྱི་སྒོ་ནས་བཀག་ཉར་དང་། གར་སོང་ཆ་མེད་དུ་བཏང་བ། རྡུང་རྡེག་མནར་གཅོད་འཇིགས་སྐུལ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་དགོས།
༦༽ རྒྱ་ནག་གཞུང་ལ་སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་སྐུ་ཚབ་རྣམས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་མཛད་པའི་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཉི་མ་) མཆོག་དང་། ཁོང་གི་ཕ་མ་རྣམས་མཇལ་འཕྲད་ཆེད་གདན་འདྲེན་ཞུ་དགོས་པའི་ནན་སྐུལ་ཞུ་རྒྱུ། བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་ཕྱི་ལོ་ ༡༩༩༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུས་རྗེས་མི་རིང་བར་གར་སོང་ཆ་མེད་དུ་གྱུར་ཡོད། །