༄༅། །ཕྱི་ལོ་ ༢༠༡༤ ཟླ་བ་ ༥ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཕོ་བྲང་ཚོགས་ཁང་དུ་ཨེ་མོ་རི་དང་ཏཱ་ལའི་བླ་མའི་དགེ་རྩ་གཉིས་ནས་གོ་སྒྲིག་ཞུས་པའིི་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོད་ལ་དཔྱད་པ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཞེས་པར་ཆེད་བཅར་གནང་བའི་ཚོགས་ཞུགས་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་ཞབས་སྟེགས་སུ་འཁོད་མཚམས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། དེ་རྗེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚོགས་འདུར་ཕེབས་པའི་སེ་ལ་ཀུའི་བོད་ཁྱིམ་སློབ་ཕྲུག་དང་། མ་སུ་རི་བོད་ཁྱིམ་སློབ་ཕྲུག དཔེ་སྟོན་སློབ་གྲྭའི་སློབ་ཕྲུག གདན་ས་གསུམ་གྱི་གྲྭ་ཚང་ཁག་དྲུག ར་སྟོད། བཀྲ་ཤིས་ལྷུན་པོ། ས་སྐྱ། བྱང་ཆུབ་ཆོས་གླིང་བཅས་ཀྱི་དགེ་འདུན་པ་དང་བཙུན་མ། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་གཅིག་བཅས་ཚོགས་ཞུགས་པ་ ༢༠༨ ལ་བཀའ་སློབ་སྩལ་དོན། ངོས་ལ་དམིགས་བསལ་ཞུ་རྒྱུ་མི་འདུག བསྡོམས་བརྒྱབ་པ་ཡིན་ན། ང་རང་ཚོའི་ནང་པའི་ཆོས་ལ་སློབ་སྦྱོང་གང་འཚམ་བྱས་ཟིན་པ་རྣམས་ལ་སེམས་ཁམས་རིག་པ་དགའ་རབ་གསལ་པོ་རེད། ཆོས་དད་ཟེར་སྐབས་དད་པའི་སྒང་ལ་འགྲོ་བ་མ་གཏོགས་རིག་པས་དཔྱད་པ་བྱེད་རྒྱུར་ཏོག་ཙམ་མ་ལྡེང་བ་ལྟ་བུ་ཞིག་རེད། གང་ལྟར་ནཱ་ལེནྡྲའི་མཁས་པ་རྣམས་དངོས་གནས་དྲང་གནས་སེམས་ཁམས་རིག་པའི་ཐོག་ལ་མཁས་པ་དང་། གནས་ཚུལ་ག་རེ་ལ་ཡིན་ཡང་དཔྱད་པ་བྱེད་ནས་འགྲོ་བས་ཧ་ཅང་ཡག་པོ་རེད། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་བོད་མིའི་བསམ་བློ་གཏོང་སྟངས་དགའ་རབ་ཟབ་པོ་ཡོད་པ་གཟིགས་ནས་བོད་པ་ལ་ཧ་ཅང་འཆམ་པོ་གནང་འདུགངོས་ལ་འདིར་གཞན་པ་བཤད་རྒྱུ་མེད། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ངོས་ཀྱིས་ནམ་རྒྱུན་བཤད་བཞིན་ཡོད་པ་རེད། ཆོས་དད་ཡོད་ན་དད་པའི་ཐོག་ནས་འགྲོ་བ་གཅིག་དང་། ཆོས་དད་མེད་མཁན་ཚོར་ཡང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོད། གང་ལྟར་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད། ང་ཚོ་ནང་པ་ཚོ་འཛམ་གླིང་འདིའི་སྤྱི་ཚོགས་ནང་གི་མི་སྣ་གཅིག་ཆགས་ཡོད་པས་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཐུགས་ཕན་སོས་པ་ཞིག་བཤད་ན། སེམས་ཁམས་རིག་པ་ནང་པའི་གཞུང་དུ་ཧ་ཅང་གསལ་པོ་རེད། ཆོས་ཀྱི་སྐད་ཆ་མེད་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་དཀྲུགས་མཁན་ཅི་ལྟར་ཡོང་གི་ཡོད་པ། སེམས་ཀྱི་ཞི་བདེ་ཇི་ལྟར་བཟོ་དགོས་ཀྱི་ཡོད་མེད། སྤྱི་ཚོགས་ནང་དུ་ཞི་བདེ་ཇི་ལྟར་བཟོ་དགོས་ཀྱི་ཡོད་པ་སོགས་ཧ་ཅང་ཡག་པོ་རེད། ང་ཚོའི་སློབ་གཉེར་བ་ཚོས་སློབ་གཉེར་སྐབས་གྲུབ་མཐའ་བཞི་དང་། སེམས་ཁམས་རིག་པ་ཆ་ཚང་ཡོད། མིང་ལ་སེམས་ཁམས་རིག་པ་མ་གཏོགས་ལྟ་གྲུབ་ཀྱི་སྐད་ཆ་མི་དགོས་པ་བྱས་པ་ཡིན་ན་ཁྱབ་ཆེ་བ་འདུག
ཚན་རིག་ལས་སེམས་ཁམས་རིག་པ་གཙོར་བོར་བཤད་པ་དེ་ང་ཚོའི་དཔེ་ཆར་བལྟ་མཁན་ཚོར་ཡོད་ཡོད་པ་རེད། སེམས་ཁམས་རིག་པ་ཞེས་ཟུར་དུ་བཏོན་པ་མ་གཏོགས། སེམས་མ་ཞི་བ་ཞི་བར་བྱེད་པ་དང་། མ་དུལ་བ་བཏུལ་བར་བྱེད་པ་སོགས་ང་ཚོའི་དཔེ་ཆའི་ནང་དུ་ཡོད། དེ་དག་ཆོས་ཕྱོགས་དང་མ་འབྲེལ་བ་བྱས་ཏེ་སྤྱིར་བཏང་གི་མིའི་སེམས་ལ་ཞི་བདེ་ཡོང་ཐབས་དང་། ལྷོད་ལྷོད་ཡོང་ཐབས་བཅས་ལ་ཧ་ཅང་ཕན་ཐོགས་པོ་རེད། དེ་ལ་ཆོས་ཀྱི་མིང་དང་གཞུང་ཆེན་སློབ་གཉེར་གྱི་མིང་འདོགས་མི་དགོས་པར་སྤྱི་ཚོགས་ནང་དུ་སེམས་ཞི་བདེ་ཡོང་བར་ང་ཚོའི་དཔེ་ཆའི་ནང་དུ་གང་འདྲ་ཞིག་བཤད་ཀྱི་ཡོད་མེད་སྣོན་པ་རྒྱག་ཐུབ་ཀྱི་རེད། ཅེས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བ་གསུམ་གྱིས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་ཡོད།
དྲི་བ་དྲིས་ལན་སྐབས་སུ། སོ་སོའི་བསམ་བློའི་ནང་དུ་ཡག་པོ་ཞིག་ཡོང་གི་རེད་བསམ་པའི་རེ་བ་ཆེན་པོ་བརྒྱབ་བསྡད་པ་ཡིན་ན། རེ་བ་དེ་མ་འགྲུབ་པའི་དཀའ་ངལ་ཡང་ཡོང་གི་རེད། གང་ལྟར་ང་ཚོ་མིའི་སྤྱི་ཚོགས་ནང་དུ་ཡོད་པར་བརྟེན་བཟང་ངན་བདེ་སྡུག་སྣ་ཚོགས་ཤིག་ཡོང་གི་ཡོད་པ་བདེན་པ་རེད། བཟང་ངན་གནས་ཚུལ་ག་རེ་བྱུང་བ་ཡིན་ནའང་དེ་ཡོང་སྲིད་པ་ཞིག་དང་། སྐབས་ཐོག་ལ་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་རེད། དེའི་སྐབས་སུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དཀའ་ངལ་འཕྲད་པའི་སྐབས་སུ་དཀའ་ངལ་སེལ་ཐབས་ཅི་ལྟར་བྱེད་དགོས་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་འགྲོ་དགོས། དེ་ཧ་ཅང་གལ་ཆེན་པོ་ཡིན། ཆོས་ལ་དད་པ་གཅིག་པུ་མ་ཡིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་དཔྱད་དགོས། ང་ཚོའི་དཔེ་ཆའི་ནང་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་ཧ་ཅང་གལ་ཆེན་པོ་རེད། དེང་གི་དུས་སུ་ཞེས་གསུངས་པའི་ཕྱིར་ཞེས་ལུང་དྲངས་པ་མིན་པར་བསམ་བློ་བཏང་ནས་སེམས་མ་དུལ་བ་ལྷོད་ལྷོད་ཡོང་བ་དང་། སེམས་འཁྲུགས་ཡོང་བ་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་མཱ་ནི་བྷལ་གྷོ་པལ་དང་། རྩར་མ་བསྟན་འཛིན་བསོད་ནམས་གཉིས་ཀྱིས་བརྩམས་ཤིང་། འབྲོང་བུ་ཟླ་བ་ཚེ་རིང་གིས་བསྒྱུར་བའི་ཚན་རིག་སློབ་ཁྲིད་རིག་པའི་ལག་དེབ་ཅེས་པ་དང་། ལི་སཱ་ཧྥེལཌ་མན་བྷར་རེཊ་ལགས་ཀྱིས་བརྩམས་ཤིང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་རྒྱུན་འཁྱོངས་རིམ་པའི་སྐབས་དང་པོའི་ཡིག་སྒྱུར་སློབ་ཕྲུག་རྣམས་ཀྱིས་བསྒྱུར་བའི་ཀླད་པའི་ཚན་རིག་སློབ་ཚན་བདུན་དང་ཕྱེད་ཀ་ཅེས་པ་གཉིས་དབུ་འབྱེད་མཛད་ཡོད། །