༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༢༠ ཉིན་ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་ལཱའི་ཆིང་ཏེ་མཆོག་གིས་སྲིད་འཛིན་གྱི་དམ་འབུལ་བཞེས་ཏེ་ཐའེ་ཝན་སྲིད་འཛིན་གྱི་མཛད་འགན་དངོས་སུ་དབུ་འཛུགས་གནང་ཡོད་པ་ལྟར། ཕྱི་ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད།
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ཐའེ་ཝན་ལ་རྩ་བ་བརྟན་པོ་ཚུགས་ཟིན་པའི་མང་གཙོའི་ལམ་ལུགས་ཤིག་ཇི་ལྟར་བྱུང་བ་མཐོང་བ་ནི་ངོ་མཚར་བ་ཞིག་རེད། ཐའེ་ཝན་གྱི་མི་མང་གིས་དར་ཞིང་རྒྱས་པའི་མང་གཙོའི་ལམ་ལུགས་ཤིག་གོང་འཕེལ་དུ་བཏང་ཡོད་པར་མ་ཟད། རང་གི་རིག་གཞུང་གི་སྲོལ་རྒྱུན་ཕུན་སུམ་ཚོགས་པ་རྒྱུན་འཛིན་བྱེད་བཞིན་དཔལ་འབྱོར་ཐོག་ནས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
ངོས་ནས་སྐུ་ཉིད་ཀྱིས་ཐའེ་ཝན་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་པར་འཕྲད་སྲིད་པའི་དཀའ་ངལ་མཐའ་དག་ལ་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་ཡོད་པ་བཅས།།