༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༢༦ ཉིན་སིཊ་ནི་ཡེ་ཤུའི་ལྷ་ཁང་མཐུན་ཚོགས་ཀྱིས་ཕྱི་ལོ་ ༡༩༨༩ ལོའི་རྒྱ་ནག་མང་གཙོའི་ལས་འགུལ་སྤེལ་ཏེ་ལོ་ངོ་ ༣༥ དང་། ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་ཞི་རྒོལ་སྤེལ་ཏེ་ལོ་ངོ་ལྔ་འཁོར་བའི་རྗེས་དྲན་སྨོན་ལམ་ཞིག་ཨེ་ཤི་ཕིལ་ཡེ་ཤུའི་ལྷ་ཁང་ (Ashfield Church) དུ་གོ་སྒྲིག་ཞུས་ཡོད།
ཆོས་དཔོན་བིལ་ཁོ་རོ་སི་ལགས་ (Pastor Bill Crews) ཀྱིས་ལོ་ངོ་སུམ་ཅུ་སོ་ལྔའི་རིང་ལ་ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་སིཊ་ནི་ནང་གི་ཨེ་ཤི་ཕིལ་ལྷ་ཁང་དུ་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་གྱི་གནོད་འཚེ་ཕོག་ཡུལ་ཚོར་རྗེས་དྲན་གྱི་སྨོན་ལམ་ཚོགས་འདུ་འཚོགས་ཡོད། ཆོས་དཔོན་ཁོ་རོ་སི་ལགས་ཀྱིས་རང་དབང་ལ་རྒྱབ་སྐྱོར་བྱེད་པ་ལ་བརྟེན་ནས་ཉིན་ཞིག་གཅིག་སྡུད་རིང་ལུགས་མགོ་རྟིང་སློག་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་གནང་གི་ཡོད། ཚོགས་འདུ་དེར་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་རྒྱ་ནག་ཏུ་མི་གྲངས་ལས་འདས་པ་ཞིག་གིས་མང་གཙོའི་ལྟ་བ་དོན་དུ་གཉེར་བའི་ཆེད་དུ་བློས་གཏོང་བྱས་ཡོད་པ་དང་། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་རྣམས་ལ་དྲག་གནོན་དང་གོ་རིམ་ལྡན་པའི་དབྱེ་འབྱེད་ཤུགས་ཆེར་གཏོང་བཞིན་ཡོད་པ་སོགས་གསལ་སྟོན་གནང་བ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་གྱི་འབྲེལ་བ་གོང་འཕེལ་གཏོང་བའི་ཆེད་དུ་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་ཡོད་སྐོར་གསུངས།
སྨོན་ལམ་གྱི་རྗེས་སུ་ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྚ་གནས་འཁོད་རྒྱ་ནག་དམར་ཤོག་ཚོགས་པའི་མནར་གཅོད་མྱོང་མཁན་མཐུན་ཚོགས་ཀྱིས་ཡེ་ཤུའི་ལྷ་ཁང་དུ་བགྲོ་གླེང་གོ་སྒྲིག་གནང་ཞིང་། བགྲོ་གླེང་གི་གཙོ་སྐྱོང་བ་སིཊ་ནི་འཕྲུལ་རིག་མཐོ་སློབ་ཀྱི་རྒྱ་ཡིག་མཁས་པ་གྲགས་ཅན་ཧྥེང་ཁྲུང་དབྱི་ (Feng Chongyi) ལགས་ཡིན་ལ། ཁོང་གིས་མི་རིགས་འདྲ་མིན་གྱིས་ཐུན་མོང་དུ་ལོངས་སུ་སྤྱོད་དུ་ཡོད་པའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་རྒྱུའི་སྐོར་ནན་བརྗོད་དང་འབྲེལ། ཚོགས་ཞུགས་པ་ཚོའི་ཁྲོད་ཆིག་སྒྲིལ་གནང་དགོས་སྐོར་གསུངས་ཏེ། ང་ཚོར་ཐུན་མོང་གི་ལྟ་བ་དང་། དགྲ་བོ་དམར་ཤོག་ཚོགས་པ་བཅས་ཡོད་པས། ང་ཚོས་ངེས་པར་དུ་མུ་མཐུད་ནས་མཉམ་རུབ་བྱས་ཏེ། དམར་ཤོག་ཚོགས་པའི་བཙན་དབང་རིང་ལུགས་དེ་གང་མགྱོགས་མཇུག་སྒྲིལ་དུ་འཇུག་དགོས་ཞེས་གསུངས།
བགྲོ་གླེང་ཚོགས་འདུའི་ཐོག་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཆོས་འཁོར་སྒོམ་སྒྲུབ་ཀྱི་ཚོགས་མི། ཧོང་ཀོང་དང་བོད་རིགས་སྐུ་ཚབ། རྒྱལ་སྤྱིའི་སློབ་མ་ཚོགས་ཞུགས་གནང་ཡོད་པ་བཅས།།