༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔ་ལ་རྒྱང་བཅོས་ཞབས་ཞུའི་ལས་གཞི་སྐོར་གོ་རྟོགས་སྤེལ་ཡོད།
ཆེད་ལས་སྨན་པ་བསྟེན་རྒྱུ་ཚུད་པའི་འཕྲོད་བསྟེན་ཞབས་ཞུའི་ཐོབ་ཐང་འདྲ་མཉམ་དང་ཐོབ་ཆ་སྙོམས་པོ་ཡོང་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༩ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༣ བར་རྒྱང་བཅོས་ཞབས་ཞུའི་ལས་གཞི་་སྐོར་གོ་རྟོགས་སྤེལ་རྒྱུའི་ལས་གཞི་རིམ་པ་ཞིག་སྤེལ་ཡོད་པ་དང་། གོ་རྟོགས་སྤེལ་རྒྱུའི་ལས་གཞི་དེ་དག་ནི་ར་ཝང་ལ་ཀུན་ཕན་གླིང་དང་། སྦན་ད་ར་ནོར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། བསུ་ན་མདའ་བཀྲ་ཤིས་གླིང་། བསྟན་འཛིན་སྒང་བཅས་སུ་སྤེལ་ཡོད། གཞིས་ཆགས་འདི་དག་གི་འཕྲོད་བསྟེན་སྨན་ཁང་དུ་རྒྱང་བཅོས་ཞབས་ཞུའི་ལས་གཞི་སྔ་ས་ནས་འགོ་འཛུགས་ཟིན་ཡོད་པ་རེད། འཕྲུལ་ཆས་ཡར་རྒྱས་དང་། གསར་གཏོད་རང་བཞིན་ལྡན་པའི་འཕྲོད་བསྟེན་ཞབས་ཞུའི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཨ་རིའི་རོགས་ཚོགས་པི་ཨར་ཨེམ་ (PRM) གྱི་རྒྱབ་སྐྱོར་འོག་ཕྱི་ལོ ༢༠༢༡ ལོར་རྒྱང་བཅོས་ཞབས་ཞུ་འགོ་བཙུགས་ཤིང་། མེའོ་ཆོས་འཕེལ་གླིང་དང་། སྦན་ད་ར་ནོར་རྒྱས་གླིང་། ཏེ་ཛུ་དར་རྒྱས་གླིང་བཅས་ཀྱི་བོད་མིའི་གཞིས་ཆགས་ཁག་ནི་རྒྱང་བཅོས་ཞབས་ཞུའི་མཐུན་རྐྱེན་འཐོབ་མཁན་གྱི་བོད་མིའི་གཞིས་ཆགས་དང་པོ་གསུམ་ཡིན་ཞིང་། ཏེ་ཛུ་དར་རྒྱས་གླིང་སྨན་ཁང་གི་ཞབས་ཞུ་རྣམས་རྗེས་སུ་ར་ཝང་ལ་ཀུན་ཕན་གླིང་དུ་གནས་སྤོ་བྱས་ཡོད། བསྟན་འཛིན་སྒང་དང་བསུ་ན་མདའ་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་གཉིས་ལ་ཉེ་ལམ་རྒྱང་བཅོས་ཞབས་ཞུའི་མཐུན་རྐྱེན་སྦྱར་ཡོད་པ་བཅས།།