༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དབུས་ངལ་སེལ་ཚོགས་པའི་གོ་སྒྲིག་འོག་དྷ་ས་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས། ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས། ནང་སྲིད་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་ཀྱི་གཙོས་ས་གནས་ཁག་གི་མཉམ་འབྲེལ་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ། སྤྱི་མཐུན་མཉམ་འབྲེལ་གྱི་སྐུ་ཚབ་རྣམ་པ། ལྷོ་སྤྱི་དང་ལ་སྤྱི། ས་གནས་འགོ་འཛིན་རྣམ་པ་བཅས་ཚོགས་བཅར་བ་ཁྱོན་བསྡོམས་ ༤༥ ཙམ་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་སྣང་སེལ་མར་མེ་ཞལ་ཕྱེ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་གྲུབ་མཚམས་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས།དེ་ནས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་བརྒྱུད་རིམ་དང་འབྲེལ་ཐེངས་འདིའི་ཚོགས་འདུའི་ངོ་སྤྲོད་གནང་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་ནང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་བསྐྱར་ཞིབ་ཀྱི་ཚོགས་ཆེན་དེ་བཀའ་ཤག་སྐབས་བཅུ་དྲུག་པའི་དུས་ཡུན་ནང་ཐེངས་དང་པོ་འཚོགས་ཀྱི་ཡོད། ད་བར་ང་ཚོའི་སྤྱི་ཚོགས་ཚགས་ཚུད་བྱུང་བ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་གསལ་པོ་ཡིན་པ་དང་། དེ་རྒྱུན་གནས་ཡོང་ཐབས་སུ་ང་ཚོས་ལྷག་བསམ་རྣམ་དག་དང་ཆོད་སེམས་བརྟན་པོའི་སྒོ་ནས་འབད་བརྩོན་བྱེད་དགོས།
སྤྱིར་ཚོགས་འདུ་འདིའི་བརྒྱུད་རིམ་དེ་ནང་སྲིད་དྲུང་ཆེས་ངོ་སྤྲོད་གནང་བ་བཞིན། ཐོག་མར་བཙན་བྱོལ་དུ་མཉམ་འབྲེལ་བཙུགས་དགོས་དོན་དང་དམིགས་ཡུལ། བར་དུ་འཛིན་སྐྱོང་གནང་ཕྱོགས་ཐོག་འགྱུར་བ་ཇི་ལྟར་ཕྱིན་ཡོད་མེད། ད་ལྟའི་ལེགས་ཉེས་ཀྱི་གནས་སྟངས་སོགས་ལ་གཞིགས་ནས་ང་ཚོས་མ་འོངས་པར་སྤྱི་བའི་ཞབས་འདེགས་སྒྲུབ་ཐབས་བྱེད་དགོས་གལ་ཡིན་པ་དང་། ས་གནས་སོ་སོའི་དགོས་མཁོ་ལ་དཔག་པའི་ལས་གཞི་བང་སྒྲིག་ཐུབ་པ་དགོས། ཕྱི་ལོ་ ༢༠༠༥ ལོར་ཐོག་མར་མཉམ་འབྲེལ་འགོ་ཚུགས་པའི་སྐབས་སོ་ནམ་གྱི་མཐུན་རྐྱེན་དང་འབྲེལ་བའི་ཐོག་ལས་འགོ་བཙམས་ཡོད་པ་དང་། བརྒྱུད་རིམ་འདིའི་ནང་ལས་དོན་གནང་ཕྱོགས་ཐད་འགྱུར་བ་མང་པོ་ཕྱིན་ཡོད། ང་ཚོས་ཀྱང་དུས་དང་འཚམས་པའི་ཐོག་འགྱུར་བ་གཏོང་དགོས་གལ་ཆེན་པོ་ཡིན། ཞེས་མཉམ་འབྲེལ་གྱི་ལས་དོན་གནང་ཕྱོགས་ཀྱི་ཐོག་བླང་དོར་གསུང་བཤད་གནང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་ངོས་ནས་ཁ་ཐོར་གཞིས་ཆགས་རྣམས་སྲ་བརྟན་ཡོང་ཐབས་དང་གཞོན་སྐྱེས་རྣམས་གཞིས་ཆགས་སུ་གནས་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ལ། ཁྱེད་ཚོའི་ངོས་ནས་དེའི་ཆེད་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་གཞི་ལ་སོགས་གཞིས་ཆགས་རྒྱུན་གནས་ཐུབ་པའི་དམིགས་ཡུལ་བཟུང་དགོས་ཀྱི་ཡོད། དེ་མིན་མཉམ་འབྲེལ་གྱི་ཕྱག་ལས་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་སོ་ནམ་འདེབས་ལས་ཀྱི་ལས་གཞི་ཆགས་ཀྱི་ཡོད། དེ་ཡང་གཙོ་བོ་གཞིས་ཆགས་སོ་སོའི་ནང་ས་ཞིང་རྒྱུས་ལོན་སླད་ཤིང་སྡོང་དང་ཤིང་འབྲས་སོགས་གྱི་ཐོ་གཞུང་ཚད་ལྡན་ཞིག་དགོས་རྒྱུ་དེ་རེད། དེ་བཞིན་ས་ཞིང་བདག་དབང་གི་ཐོག་ཡུལ་མི་དང་བདེ་འཇགས་ལ་གནོད་ཀྱི་ཡོད་དུས་དཀའ་ངལ་དེ་དག་མི་ཡོང་བའི་སླད་ས་ཞིང་བདག་པོ་བརྒྱབ་དགོས་གལ་ཆེ་ལ། དེའི་ཆེད་དུ་ནང་སྲིད་ལས་ཁུངས་ནས་མཐུན་རྐྱེན་གང་སྦྱར་དགོས་པ་རྣམས་ཉིན་གྲངས་གསུམ་གྱི་རིང་གོ་བསྡུར་ཚད་ལྡན་བྱུང་ཐུབ་པ་ཡིན་ན་འཛིན་སྐྱོང་ཚད་ལྡན་ཞིག་ཡོང་བར་ཁྱད་པར་ཏན་ཏན་ཡོད་ཅེས་གསུངས།དེ་རྗེས་ནང་སྲིད་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་ཏེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད། སྤྱིར་ཚོགས་འདུ་འདི་ཕྱི་ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་འཚོག་རྒྱུ་ཡིན་པ་དང་། ལས་གཞི་འདི་ནི་ཨ་རི་རོགས་ཚོགས་ (USAID) དང་ (NDI) གཉིས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།