༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༢༤ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།
དེ་ཡང་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ནང་སྲིད་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས་ལགས་གཙོས་པའི་ས་གནས་ཁག་གི་མཉམ་འབྲེལ་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ། སྤྱི་མཐུན་མཉམ་འབྲེལ་གྱི་སྐུ་ཚབ་རྣམ་པ། ལྷོ་སྤྱི་དང་ལ་སྤྱི། དེ་བཞིན་ས་གནས་འགོ་འཛིན་རྣམ་པ་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་ཡོད། ཁོང་གིས་མཇུག་སྡོམ་གསུང་བཤད་དང་འབྲེལ་ཁ་སང་ས་ག་ཟླ་བའི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ལྷན་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཐོག་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོབ་པའི་གནས་ཚུལ་སྐོར་གསུངས། དེ་ཡང་ཁོང་གིས་གྲུབ་འབྲས་འདི་ལྟ་བུ་ཐོན་ཐུབ་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པ་དང་། གཞན་ཡང་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་གཙོས་པའི་རྒྱབ་སྐྱོར་བ་ཚང་མས་མཉམ་ལས་ཀྱིས་གྲུབ་འབྲས་ཞིག་ཡིན་པར་ངོས་འཛིན་གནང་ཡོད།
དེ་ནས་སྐབས་དོན་མཉམ་འབྲེལ་གྱི་ཚོགས་ཆེན་འདི་འཚོགས་དགོས་དོན་ནི། གཙོ་བོ་བཙན་བྱོལ་དུ་སྤྱི་ཚོགས་ཚགས་ཚུད་པོ་ཞིག་བསྐྲུན་ཐབས་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། མི་རབས་རྒན་པས་སྐུ་ལས་བསྐྱོན་པ་རྣམས་རྒྱུན་སྐྱོང་ཐུབ་པ་ཞིག་བྱ་རྒྱུ་དེ་ཡིན་ཞེས་འགྲེལ་བརྗོད་གནང་བ་མ་ཟད། མཉམ་འབྲེལ་གྱི་ལས་འགན་འཁུར་ཕྱོགས་དེ་དག་སྤྱི་མཐུན་མཉམ་འབྲེལ་དང་ནང་སྲིད་ལ་འབྲེལ་བ་བཏགས་དགོས་པས་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་གསལ་པོ་ཞིག་བཟོ་དགོས་པའི་ནན་སྐུལ་གནང་ཡོད། དེ་ཡང་མཉམ་འབྲེལ་ངོས་ནས་གཞིས་ཆགས་ཁག་སྲ་བརྟན་ཡོང་སླད་དམིགས་བསལ་གཞོན་སྐྱེས་རྣམས་གནས་ཐུབ་པའི་ཐོག་ལས་གཞི་སྤེལ་ཐུབ་ན་དཀའ་ངལ་མང་དག་ཅིག་སེལ་ཀྱི་ཡོད་པའི་ནན་བརྗོད་གནང་སོང་།
དེ་མཚུངས་ཁོང་གིས་མཉམ་འབྲེལ་གྱི་སྒྲོམ་གཞི་དེའང་སྤྱི་ཚོགས་ཀྱི་འགྱུར་བ་ལ་དཔག་པའི་ལེགས་བཅོས་གཏོང་དགོས་ལུགས་དང་། སྔ་མའི་དགོས་དམིགས་ལྟར་སོ་ནམ་འདེབས་ལས་ཁོ་ནའི་ཐོག་འབད་པ་ཡིན་ན་རྗེས་ལུས་ཀྱི་རྣམ་པ་ཞིག་ཏུ་འགྱུར་ཉེན་ཡོད་པ་གསུངས། དེ་བཞིན་ཁོང་གིས་ཁོར་ཡུག་དང་། སྤྱི་ཚོགས་རྒྱ་སྐྱེད། ལས་ཀ་སྤྲོད་རྒྱུའི་ལས་གཞི་གང་མང་བརྩམ་དགོས་གལ་ཡིན་པ་དང་། དེའི་ཐོག་དབུས་ནང་སྲིད་ལས་ཁུངས་ཀྱིས་མཐུན་འགྱུར་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད།
དེ་རྗེས་ཚོགས་བཅར་བ་རྣམས་ཀྱིས་ཉིན་གསུམ་རིང་གྲོས་བསྡུར་གནང་བའི་གྲོས་གཞི་གྲོས་ཆོད་ཁག་སྒྲོགས་སྦྱང་གནང་སྟེ་དེར་སྤྱི་མོས་ཐོག་གཏན་འབེབས་གནང་གྲུབ་མཚམས་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་སྟེ་མཇུག་སྡོམ་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།