༄༅། །ཕྱི་ལོ་ ༢༠༢༤ ལོའི་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་སློབ་ཡོན་ཁོངས་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ། གཙུག་ལག་རབ་འབྱམས་པ། རིགས་གཅིག་རྐང་འཛིན། དམིགས་བསལ་སློབ་ཡོན་བཅས་སློབ་ཡོན་ས་མིག་གྲངས་ ༦༠༥ ཡོད། སློབ་ཡོན་ཞུ་འདོད་ཡོད་རིགས་རྣམས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༤ ཟླ་ ༠༦ ཚེས་ ༡༦ འགྱངས་མེད་དང་། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཆེད་ཕྱི་ལོ་ ༢༠༢༤ ཟླ་ ༠༨ ཚེས་ ༣༡ འགྱངས་མེད་ཀྱིས་གཤམ་འོག་གི་གསང་ཐིག་ལ་བཤེར་འབེབས་སམ། ཡང་ན་དྲྭ་ལམ་སྦྲེལ་ཐག་བརྒྱུད་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་འབུལ་དགོས། དུས་བཀག་རྗེས་སུ་འཚང་སྙན་འབུལ་མཁན་བྱུང་ན་ངོས་ལེན་ཞུ་རྒྱུ་མིན།
https://forms.gle/4bMUvhHZPrD59hot8
སློབ་ཡོན་ཞུ་ལེན་གྱི་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་བརྒྱུད་ཡར་འཇུག་དགོས་པ་གཤམ་གསལ།
༡། སྙན་ཞུ་འབུལ་མི་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པ་དགོས། གལ་ཏེ་ཕ་མ་བོད་ནང་ཡོད་པའམ། འདས་གྲོངས་སུ་ཕྱིན་པ། ཁ་བྲལ་སོང་བ་ཅི་རིགས་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནས་ཞིབ་འཇུག་གནང་བའི་ཞིབ་ཕྲའི་གནས་ཚུལ་ ༼འགེངས་ཤོག་ཀ་པ་༽ ཡི་ནང་ཁ་གསལ་འགེང་དགོས།
༢། སློབ་ཕྲུག་རང་ངོས་ཀྱི་ཕྱེད་པར་རེ་ཡར་འཇུག་དགོས།
༣། ཉེ་བའི་གཙུག་ལག་རབ་འབྱམས་པའམ། ལས་རིགས་སྦྱོང་བརྡར། ཌིབ་ལོ་མ་བཅས་ཀྱི་སློབ་ཡོན་ཞུ་ཆེད་འཛིན་རིམ་བཅུ་གཉིས་ཐོན་པའི་ཨང་ཐོབ་ཤོག་ལྷེ་འབུལ་དགོས།
༤། གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཞུ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་ཤོག་ལྷེ་ཆ་ཚང་འབུལ་དགོས།
༥། རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཞུ་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། དེ་ཡན་གྱི་ཨང་ཐོབ་ཤོག་ལྷེ་ཆ་ཚང་དང་། ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་འཇུག་ངོས་བཞེས་ཡོད་པའི་ཡི་གེ་འབུལ་དགོས།
༦། བུམ་སྐྱོན་གསུམ་བྲལ་གྱི་གཟེངས་བསྟོད་ལག་འཁྱེར་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
༧། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གནང་ཡོད་ཚེ་དེའི་ལག་འཁྱེར་ངོ་བཤུས་འབུལ་དགོས།
༨། མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་སྤྲོད་རྒྱུ་དང༌། ས་མིག་ལྷག་ཚེ་སློབ་ལོ་སྔོན་མའི་སྙན་འབུལ་བར་གོ་སྐབས་གནང་རྒྱུ།
༩། སྡེ་ཁུངས་གཞན་ནས་སློབ་ཡོན་ཐོབ་ཀྱི་ཡོད་ན་འདི་ལས་སུ་སྙན་འབུལ་མི་ཆོག
༡༠། ཕྱི་ལོ་ ༢༠༢༣ དང་དེ་སྔོན་འཛིན་རིམ་བཅུ་གཉིས་སམ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་སློབ་ཕྲུག་རྣམས་ནས་སློབ་ཡོན་ཞུ་ཆེད་སྔ་ལོའི་ནང་སློབ་མཚམས་བཞག་དགོས་པའི་རྒྱུ་མཚན་རང་ངོས་ནས་སྙན་ཞུ་ཞིག་འབུལ་དགོས།
༡༡། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་། ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གླིང་དུ་བོད་ཀྱི་མཐོ་རིམ་རིག་གནས་སློབ་ཡོན། བལ་ཡུལ་ཁུལ་གྱི་བོད་རིགས་སློབ་ཕྲུག་ཆེད་ཟུར་བཅད་སློབ་ཡོན་སྙན་འབུལ་བ་རྣམས་ནས་ཤེས་རིག་སློབ་ཡོན་ཆེད་སློབ་ཡོན་འགེངས་ཤོག་འདི་བཀང་མི་དགོས་པར་སློབ་ཕྲུག་རྣམས་ནས་ཁུངས་སོ་སོར་ཐད་ཀར་འབྲེལ་བ་གནང་དགོས།
ཀ༽ ཉེ་བའི་གཙུག་ལག་རབ་འབྱམས་པའམ། ལས་རིགས་སྦྱོང་བརྡར། ཌིབ་ལོ་མའི་སློབ་ཡོན།
༡། ཕུལ་བྱུང་སློབ་ཡོན། (Excellence Scholarship) སློབ་ཡོན་ཧིན་སྒོར་ ༡༥༠༠༠༠ ས་མིག།༢༥
སློབ་ཡོན་འདིའི་དགོས་དམིགས་ནི། ཤེས་ཡོན་དང་། ཀུན་སྤྱོད། འགོ་ཁྲིད་ཀྱི་ནུས་པ་བཅས་གཟེངས་སུ་ཐོན་པའི་སློབ་མ་རྣམས་ཀྱི་ཤེས་འཇོན་ནུས་རྩལ་གོང་མཐོར་གཏོང་ཆེད་དུ་ཡིན།
སློབ་ཡོན་འདིར་འཛུལ་ཞུགས་ཆེད་གཤམ་འཁོད་ (ཀ་༤།) བརྒྱ་ཆ་རྩིས་སྐོར་སྟངས་ལས་བསྡོམས་འབོར་གྱི་བརྒྱ་ཆ་ ༧༥ ལོན་དགོས་པ་དང་། དེའི་ཁོངས་ནས་སློབ་ཕྲུག་ ༢༥ ལས་མ་བརྒལ་བ་རྩེ་བཏོག་གིས་འདེམས་སྒྲུག་ཞུ་རྒྱུ་ཡིན།
ཀུན་སྤྱོད་དང་འགོ་ཁྲིད་ནུས་རྩལ་བརྒྱ་ཆ་རྩིས་སྐོར་ཆེད་འདི་ལས་ནས་འབྲེལ་ཆགས་སློབ་གྲྭ་སོ་སོར་ཟུར་དུ་འབྲེལ་བ་ཞུ་རྒྱུ་ཡིན་པས་སྙན་འབུལ་བས་འཚང་སྙན་ནང་འགེང་མི་དགོས།
༢། རོགས་སྐྱོར་སློབ་ཡོན། (Bursary Scholarship) སློབ་ཡོན་ཧིན་སྒོར་ ༡༠༠༠༠༠ ས་མིག། ༡༥༠
སློབ་ཡོན་འདིའི་དགོས་དམིགས་གཙོ་བོ་ནི། ཉམ་ཐག་ཨང་ཐོབ་ ༼ག་པ་༽ཅན་ཁོངས་སུ་ཡོད་པ་དང་། དྭ་ཕྲུག་དང་ཕྱེད་དྭ་ཕྲུག ཁྱོ་ཤུག་གང་གི་ཕྲུ་གུ་གསུམ་ལས་གང་རུང་གཅིག་དང་དེའི་ཡན་གྱི་བུ་ཕྲུག སློབ་གྲྭ་སོ་སོ་ནས་ངོས་སྦྱོར་ཡོད་པའི་བོད་ནས་རྗེས་འབྱོར་བ་དཀའ་ངལ་ཅན། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་དབུས་སའི་ལས་བྱེད་པ་དང་། སློབ་ཡོན་མཐུན་རྐྱེན་ཟུར་དུ་མེད་པའི་བོད་མིའི་སློབ་སྡེ་ཁག་གི་གཏན་འཇགས་དགེ་ལས་བཅས་ཀྱི་ཕྲུ་གུ་དང་། དམིགས་བསལ་དགོས་མཁོ་ཅན་བཅས་སློབ་ཕྲུག་རྣམས་ཀྱི་མདུན་ལམ་བཟང་དུ་གཏོང་ཆེད་རོགས་སྐྱོར་བྱས་པ་ཞིག་ཡིན།
སློབ་ཡོན་འདིར་འཛུལ་ཞུགས་ཆེད་རོགས་སྐྱོར་སློབ་ཡོན་གྱི་འགེངས་ཤོག་ ༼འགེངས་ཤོག་ཁ་པ་༽ འཚེམས་ལུས་མེད་པར་བསྐངས་པའི་ཐོག་གཤམ་འཁོད་ (ཀ་༤།) བརྒྱ་ཆ་རྩིས་སྐོར་སྟངས་ལས་བསྡོམས་འབོར་གྱི་བརྒྱ་ཆ་ ༥༠ ལོན་དགོས་པ་དང། དེའི་ཁོངས་ནས་སློབ་ཕྲུག་ ༡༥༠ ལས་མ་བརྒལ་བ་རྩེ་བཏོག་གིས་འདེམས་སྒྲུག་ཞུ་རྒྱུ་ཡིན།
༣། ཁ་གསབ་སློབ་ཡོན། (Supplementary Scholarship) སློབ་ཡོན་ཧིན་སྒོར་ ༥༠༠༠༠ ས་མིག ༢༠༠
སློབ་ཡོན་འདི་བཞིན་འཚོ་བའི་གནས་སྟངས་འགྲིག་ངེས་ཡོད་པའི་ནང་མིའི་ཕྲུ་གུ་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་མཐོ་སློབ་ཏུ་བསྐྱོད་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་སྦྱོར་དང་། རོགས་སྐྱོར་སློབ་ཡོན་ཁོངས་སུ་མ་ཚུད་པའི་སློབ་ཕྲུག་རྣམས་ལ་སློབ་ཡོན་མཐུན་སྦྱོར་ཞུ་རྒྱུའི་ཆེད་དུ་ཡིན།
སློབ་ཡོན་འདིར་འཛུལ་ཞུགས་ཆེད་གཤམ་འཁོད་ (ཀ་༤།) བརྒྱ་ཆ་རྩིས་སྐོར་སྟངས་ལས་སློབ་ཕྲུག་ ༢༠༠ ལས་མ་བརྒལ་བ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་འདིའི་ཁོངས་སུ་འདེམས་སྒྲུག་གནང་རྒྱུ།
༤། སློབ་ཡོན་གྱི་བརྒྱ་ཆ་རྩིས་སྐོར་སྟངས་གཤམ་གསལ།
བརྒྱ་ཆ་སྐོར་ཡུལ། | ཕུལ་བྱུང་སློབ་ཡོན། (Excellence Scholarship) | རོགས་སྐྱོར་སློབ་ཡོན། (Bursary Scholarship) དང་། ཁ་གསབ་སློབ་ཡོན། (Supplementary Scholarship) |
འཛིན་རིམ་བཅུ་གཉིས་རྒྱལ་ཡོངས་རྒྱུགས་འབྲས། | ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་བརྒྱ་ཆ། X ༦༠/༡༠༠ | ཨང་ཐོབ་ལེགས་ཤོས་ལྔའི་ཆ་སྙོམས་བརྒྱ་ཆ། X ༧༠/༡༠༠ |
ཀུན་སྤྱོད། | བརྒྱ་ཆ་ ༡ ནས་ ༥ བར། | མེད། |
འགོ་ཁྲིད་ནུས་རྩལ། | བརྒྱ་ཆ་ ༡ ནས་ ༥ བར། | མེད། |
སློབ་གྲྭའི་སྤྱི་ཁྱབ་རྒན་བདག | བརྒྱ་ཆ་ ༢ | བརྒྱ་ཆ་ ༢ |
བུམ་སྐྱོན་གསུམ་བྲལ་གྱི་སློབ་ཕྲུག | བརྒྱ་ཆ་ ༣ | བརྒྱ་ཆ་ ༣ |
འཛིན་རིམ་བཅུ་གཉིས་བོད་ཡིག་རྒྱུགས་འབྲས།* | ཨང་ཐོབ་བརྒྱ་ཆ། X ༢༥/༡༠༠ | ཨང་ཐོབ་བརྒྱ་ཆ། X ༢༥/༡༠༠ |
གོང་གསལ་བརྒྱ་ཆ་རྩིས་སྐོར་བ་ལས་ལོན་དགོས་པའི་བརྒྱ་ཆ། | བརྒྱ་ཆ་ ༧༥ | བརྒྱ་ཆ་ ༥༠ (རོགས་སྐྱོར་སློབ་ཡོན་ཆེད།) |
* འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་རྒྱུགས་འབྲས་སུ་བོད་ཀྱི་སྐད་ཡིག་ལ་བརྒྱ་ཆ་ ༣༣ ཡན་ལོན་པའམ། ཡང་ན་ཤེས་རིག་ལས་ཁུངས་བརྒྱུད་འཛིན་རིམ་བཅུ་གཉིས་དང་ཚད་མཉམ་བོད་ཡིག་ཡིག་རྒྱུགས་ཤིག་ས་གནས་འགོ་འཛིན་ལས་ཁུངས་སོ་སོར་ ༢༠༢༤ ཟླ་ ༦ ཚེས་ ༡༨ ཉིན་གོ་སྒྲིག་ཞུས་པའི་ནང་ཞུགས་ཏེ་ཉུང་མཐར་བརྒྱ་ཆ་ ༣༣ ཡན་ལོན་པ་ཞིག་ཡིན་ན། བོད་ཡིག་སློབ་ཚན་ལ་གོང་གསལ་ལྟར་བརྒྱ་ཆ་འཐོབ་རྒྱུ། ( ཨང་ཀི་ཇི་ཐོབ་ ) X ༢༥/༡༠༠ =
ཁ༽ གཙུག་ལག་རབ་འབྱམས་པའི་སློབ་ཡོན། (Post Graduate Scholarship) ས་མིག ༡༥༠
ཉེ་བའི་གཙུག་ལག་རབ་འབྱམས་པ་རྣམས་མུ་མཐུད་ཆེད་ལས་རིག་ཚན་སློབ་གཉེར་ཆེད་རང་ངོས་ཀྱི་འགྲོ་གྲོན་ཐོག་བོད་མིའི་སྒྲིག་འཛུགས་ནས་སློབ་ཡོན་གྱི་འགྲོ་གྲོན་ཁ་གསབ་མཐུན་སྦྱོར་གནང་རྒྱུ། སློབ་ཡོན་འདི་འཐོབ་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱོགས་བསྡོམས་རྒྱུགས་འབྲས་བརྒྱ་ཆ་ ༦༠ ངེས་པར་དགོས།
ག༽ འབུམ་རམས་པའི་སློབ་ཡོན། (Ph.D. Scholarship) ས་མིག ༡༠
མཐོ་སློབ་གང་ཞིག་ཏུ་འབུམ་རམས་པར་སློབ་འཇུག་ངོས་བཞེས་བྱུང་ན་སློབ་ཡོན་ཞུ་སྤྲོད་གནང་རྒྱུ།
ང༽ བོད་ཀྱི་མཐོ་རིམ་རིག་གནས་སློབ་ཡོན། ས་མིག ༣༥
ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་གྲངས་ ༢༠ དང་། གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་གྲངས་ ༥ ཡོད། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གླིང་དུ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་ཡོན་འདིའི་ཐོག་འཚང་སྙན་འབུལ་འདོད་ཡོད་རིགས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གླིང་དུ་ཐད་ཀར་འབྲེལ་བ་གནང་དགོས།
ཅ༽ བལ་ཡུལ་ཁུལ་གྱི་བོད་རིགས་སློབ་ཕྲུག་ཆེད་དམིགས་བསལ་སློབ་ཡོན། ས་མིག ༡༥
བལ་ཡུལ་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཆེད་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གྲངས་ ༡༥ དམིགས་བསལ་གནང་རྒྱུ། འཚང་སྙན་འབུལ་འདོད་ཡོད་རིགས་ནས་བལ་ཡུལ་གངས་ཅན་བདེ་རྩའི་ལས་ཁང་དུ་ཐད་ཀར་འབྲེལ་བ་གནང་དགོས།
ཆ༽ བོད་ཀྱི་སྲོལ་རྒྱུན་བཟོ་རིག། ས་མིག ༡༠
ལྷ་བྲིས་དང་། རྐོས་རིས། ཤིང་བཟོ། འཚེམ་བཟོ། སྣུམ་ཚོན་རི་མོ། ཐང་ག་འཚེམ་དྲུབ་བཅས་ཀྱི་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་གཉེར་བ་འདི་རིགས་ནོར་གླིང་མཐོ་སློབ་དང་། པ་ཀུལ་བོད་ཁྱིམ། མ་སུ་རི་བོད་ཁྱིམ་ལག་ཤེས་ཁང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། བལ་ཡུལ་སྤོག་ར་ལག་ཤེས་ཁང་བཅས་གང་རུང་དུ་བཟོ་རིག་སློབ་ཚན་ཐོག་སློབ་སྦྱོང་གནང་བཞིན་པ་ཞིག་དགོས།
ཇ༽ འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ལ་བོད་ཀྱི་གསོ་བ་རིག་པའི་སློབ་ཡོན། ས་མིག ༡༠
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སློབ་སྦྱོང་ཆེད་སློབ་ཡོན་གྲངས་ ༡༠ ཡོད། སློབ་ཡོན་འདིའི་ཁོངས་སྙན་འབུལ་བ་རྣམས་ནས་ཤེས་རིག་ཁ་གསབ་སློབ་ཡོན་ཁོ་ནའི་ནང་སྙན་འབུལ་ཞུ་དགོས།
འབྲེལ་གཏུག་ཞུ་ཡུལ། སློབ་ཡོན་ཚན་པའི་འབྲེལ་ལས། 7018111983, 9805688414, 8894163656, 6230335844
གློག་འཕྲིན་ཁ་བྱང་། [email protected] / [email protected]
སློབ་ཡོན་འགེངས་ཤོག་དྲྭ་ཐོག་ནས་འབུལ་སྟངས་ཐད་ཤེས་རིག་སློབ་ཡོན་སྡེ་ཚན་གྱིས་གཤམ་འཁོད་དྲྭ་ཐག་བརྒྱུད་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༧ དང་། ཚེས་ ༢༤ ཉིན་སོ་སོར་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་ལམ་སྟོན་བྱེད་རྒྱུ་ཡིན་ན་མཉམ་ཞུགས་ཡོང་བ་ཞུ།
དྲྭ་ཐག https://meet.google.com/xtt-utmt-zjg
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༣ ལ།