༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༣༠ ཞོགས་པ་ཆུ་ཚོད་ ༩ ཐོག་དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོ་ས་རཱ་མཐོ་སློབ་ཏུ་འཚོགས་ཡོད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དང་། རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས། ཤེས་རིག་དྲུང་འཕར་བསོད་ནམས་བཟང་པོ་ལགས། ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། དགེ་བའི་བཤེས་གཉེན་རྣམ་པ། དེ་བཞིན་སློབ་གཉེར་བ་དང་བསླབ་པ་མཐར་སོན་སློབ་ཕྲུག་གི་ཕ་མ་སྤུན་མཆེད་བཅས་ཕེབས་ཡོད།མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་། དེ་ནས་འདུས་ཚོགས་ནས་སྐྱབས་སེམས་དང་། གང་བློ་མ་བཅས་གསུང་འདོན་དང་། དེ་རྗེས་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་རྗེས། དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྤྱི་པའི་རྒན་བདག་བཞི་ལ་རང་འཁྲིའི་ལས་ཡུན་རིང་སྤྱི་དོན་ལྷག་བསམ་ཁུར་ལེན་གནང་བར་ཡི་རང་མཚོན་བྱེད་ཀྱི་མཇལ་དར་དང་ཕྱག་འཁྱེར་གནང་། དེ་བཞིན་སྐབས་ཉེར་གསུམ་པའི་སློབ་ཐོན་སློབ་མ་རྣམས་ཀྱི་མཐར་ཕྱིན་ཆེད་དེབ་<<དཀྱེལ་ཡངས་དང་མཐོང་སྣེ།>>ཞེས་པ་དང་། མཐར་ཕྱིན་དྲན་དེབ་<<རིག་གཞུང་གི་སྐྱེད་ཚལ་བགྲོད་པའི་ཟིན་ཐོ།>> མཐར་ཕྱིན་འཛིན་གྲྭའི་ཡིག་སྒྱུར་སྡེ་ཚན་ནས་བཏོན་པའི་བསྒྱུར་རྩོམ་<<རྩོམ་པ་པོ་ཞིག་ཇི་ལྟར་ཆགས་ཚུལ།>>ཞེས་པ་རྣམས་ཀྱི་དབུ་འབྱེད་གནང་།དེ་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་ནས་སྐབས་གཉིས་པའི་རབ་བྱུང་རིག་གནས་འཛིན་གྲྭའི་སློབ་ཐོན་པ་བསོད་ནམས་འགྱུར་མེད་ཀྱི་<<དབྱངས་གསལ་གྱི་ཆུ་ཐིགས།>>དང་། ངག་དབང་ཡེ་ཤེས་ཀྱི་<<ས་སྒང་གི་ཉི་ཟླ་འོད་ཆེན།>> ཨ་ཀཱ་ཤའི་བརྩམས་སྒྲུང་<<གཟན་ཤམ་འོག་གི་ལམ་ཕྲན།>> ངག་དབང་དར་རྒྱས་ཀྱི་<<གཤོག་པ་ཐོགས་པའི་ཡི་གེ>> བློ་བཟང་དོན་གྲུབ་ཀྱི་<<ཟངས་དཀར་གྱི་སྙན་ངག>> རིག་འཛིན་དམ་ཆོས་ཀྱི་<<སུམ་ཅུ་པའི་རེག་ཟིག་དང་དེའི་གནད་དོན་འགའ་ལ་དཔྱད་པ།>> ཨ་ལོ་ཀའི་<<དོ་ནུབ་ཀྱི་རྨི་ལམ།>> བློ་བཟང་རིག་འཛིན་གྱི་<<མ་བུའི་སྐྱོ་གར།>>བཅས་ཀྱི་དབུ་འབྱེད་གནང་།དེ་རྗེས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་ནས་མཐོ་རིམ་རིག་གནས་རབ་འབྱམས་སྐབས་ཉེར་གསུམ་པའི་སློབ་ཐོན་པ་ཚེ་རིང་གཡུ་སྒྲོན་གྱི་བསྒྱུར་རྩོམ་<<བློ་སྟོབས་ནུས་སྤེལ་གྱི་དེབ་ཆུང་།>>དང་། ཉ་རྒྱས་ཀྱི་<<ཚེ་སྲོག་གི་རྡོག་སྒྲ།>> བསྟན་འཛིན་རབ་བརྟན་གྱི་<<བརྡ་སྤྲོད་རིག་པའི་བང་མཛོད་དང་། སྙན་རྩོམ་དང་ལོ་རྒྱུས་རྒྱ་མཚོའི་རླབས་ཕྲེང་།>> པདྨ་བསྟན་འཛིན་གྱི་<<གདོད་མའི་མི་ཉག་གི་ཡུལ་ལ་རགས་ཙམ་དཔྱད་པ།>>བཅས་དང་། སློབ་གཉེར་བ་འཇམ་དབྱངས་རིན་ཆེན་གྱི་<<སུམ་རྟགས་གཉིས་ཀྱི་སྙིང་དོན་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་གཉིས་ཀྱི་ཚིག་དོན་ཅུང་ཟད་བསྡུས་པའི་རྐང་ལམ་གྱི་སྒྲོན་མེ།>> སློབ་གཉེར་བ་ཟླ་བ་གྲགས་པའི་<<ཟླ་ཟེར་གྱི་འཇིག་རྟེན།>>བཅས་དབུ་འབྱེད་གནང་།དེ་ནས་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་སྐབས་བདུན་པ་དང་། རིས་མེད་སློབ་དཔོན་སྐབས་དགུ་པ། དབུ་མ་རབ་འབྱམས་པ་སྐབས་བཅུ་བདུན་པ། ཕར་ཕྱིན་རབ་འབྱམས་པ་སྐབས་བཅོ་བརྒྱད་པ། མཐོ་རིམ་རིག་གནས་སྐབས་ཉེར་གསུམ་པ། རབ་བྱུང་རིག་གནས་འཛིན་གྲྭ་སྐབས་གཉིས་པའི་སློབ་ཐོན་པ་བཅས་ལ་ཕྱག་འཁྱེར་སྩོལ་གནང་མཛད་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་<<ད་ལྟའི་གཞོན་སྐྱེས་རྣམས་ཀྱིས་སྲོལ་རྒྱུན་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་ཇི་ལྟར་བྱེད་ཚུལ་>>སྐོར་བཀའ་སློབ་སྩལ། དེ་ཡང་ཐོག་མར་སྲོལ་རྒྱུན་དང་། ཆོས། རིག་གཞུང་། རྒྱུན་འཛིན། དར་སྤེལ་ཇི་ལྟར་བྱེད་ཚུལ་བཅས་ཀྱི་ཚིག་གནད་བཀྲལ་ཅིང་། དེ་ནས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས། “སྤྱིར་བཏང་ད་ལྟའི་གནས་བབ་ལ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་སྐབས་ལ་རྒྱུན་འཛིན་བྱེད་མི་ཐུབ་པའི་མི་མཐུན་པའི་འགོག་རྐྱེན་དེ་གང་རེད། འགོག་རྐྱེན་དེ་ལ་ང་ཚོས་གང་འདྲ་བྱས་ནས་ཁ་གཏད་གཅོག་དགོས་རེད། རྒྱུན་ཆད་པའི་འགོག་རྐྱེན་གྱི་རྩ་བ་དེ་ངོས་མ་ཟིན་པ་ཡིན་ན། སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་གིས་དཀའ་ལས་ཞེ་པོ་བརྒྱབ་ཡིན་བསམས་ནའང་། གང་ཟག་བྱེ་བྲག་པའི་བརྒྱུད་ཀྱི་རྒྱུན་འཛིན་སོ་སོས་འབད་བརྩོན་བྱས་ནས་བྱེད་ཐུབ་སྲིད་པ་མ་གཏོགས། སྤྱི་ཚོགས་དང་འགྱུར་བ་ངེས་ཅན་གྱི་ཆེད་དུ་རྒྱུན་འཛིན་བྱེད་པར་རྒྱུན་ཆད་འཇུག་མཁན་དེ་གང་ཡིན་བལྟ་དགོས་པ་གལ་ཆེན་པོ་རེད།” ཅེས་གསུངས། དེ་བཞིན་བསྡོམས་བརྒྱབ་ནས་ཞུས་ན་སྲོལ་རྒྱུན་གྱི་ཆོས་དང་ལེགས་བྱང་རྒྱུན་འཛིན་གྱི་འགོག་རྐྱེན་དེ་དེང་རབས་དང་ཆེས་དེང་རབས་ཡིན་ཚུལ་སོགས་ཀྱི་ཐོག་ལ་བཀའ་སློབ་གཟབ་རྒྱས་སྩལ། མཐར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།། །།
པར་གྱི་མཐུན་འགྱུར་གནང་མཁན། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།