༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་རྒྱལ་ས་པེ་རི་སི་ཁུལ་དུ་ཕ་རན་སིའི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མི་སྣ། ཤེས་ཡོན་མི་སྣ། གསར་འགོད་པ། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད་གནང་སྟེ་ཡུ་རོབ་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་ཡོད།
དེ་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་དང་། གཞུང་གི་དཔོན་རིགས། འགྲོ་བ་མིའི་ཐོབ་ཐང་དང་ཤེས་ཡོན་ཐོག་འགན་ཁུར་གནང་མཁན་ཕ་རན་སིའི་གྲོང་ཁྱེར་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ལྷན་དུ་དོན་ཕན་ལྡན་པའི་མཇལ་མོལ་གནང་ཡོད། དེ་བཞིན་ཁོང་གིས་ཐའི་ཝན་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ཧྥོ་རན་སོ་སི་ (François Chih-Chung Wu) ལགས་དང་། གྲོས་ཚོགས་འཐུས་མི་ཟུར་པ་དང་ཕ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་ཇིན་མཧི་ཀལ་ (Jean-Michel Belorgey) ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ཧྥ་རན་སིའི་ནང་པའི་མཐུན་ཚོགས། གསར་འགྱུར་བརྒྱུད་ལམ་ཁག་གི་སྐུ་ཚབ་བཅས་དང་ལྷན་དུ་མཇལ་མོལ་གནང་ཡོད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་གི་སྐུ་ཚབ་ཚོ་དང་འབྲེལ་གཏུགས་གནང་སྐབས་བོད་དོན་འཐབ་རྩོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནན་བརྗོད་དང་། འཐབ་རྩོད་དེའི་སྙིང་པོ་ནི་འཚེ་མེད་ཞི་བ་དང་། གྲོས་མོལ། འདུམ་འགྲིག་བཅས་ཀྱི་རྩ་དོན་ལ་གཞི་རྩ་བརྟན་པོར་ཚུགས་ཡོད་ལ། དེ་ལྟ་བུའི་འཚེ་བ་མེད་པའི་འཐབ་རྩོད་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ནས་བྱུང་ཡོད་ཅིང་། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ཚོས་ལོ་རབས་མང་པོའི་རིང་བཙན་གནོན་མྱངས་ཡོད་ཀྱང་། བོད་མི་རྣམས་ནས་འཚེ་བ་མེད་པའི་འཐབ་རྩོད་ལ་ཆོད་སེམས་བརྟན་པོ་བཟུང་ཡོད་པ་གསལ་སྟོན་གནང་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་སྲིད་དབང་གཅིག་སྡུད་རིང་ལུགས་ལ་ཁ་གཏད་གཅོག་པར་བོད་མི་དང་། ཡུ་གུར། སོག་པོ། ཧོང་ཀོང་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་ཐུན་མོང་གི་འཐབ་རྩོད་དེ་ནང་གི་ནུས་པར་ངོས་འཛིན་བྱེད་དགོས་པ་ནན་བརྗོད་དང་སྦྲགས། ཕ་རན་སི་ཚུད་པའི་ཡུ་རོབ་རྒྱལ་ཁབ་ཚོས་ལས་འགུལ་བ་འདི་དག་རྒྱ་ནག་དང་། རྒྱ་ཆེ་ས་ནས་མངའ་ཁུལ་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུར་མེད་དུ་མི་རུང་བའི་མཐུན་གྲོགས་ཤིག་ཏུ་ངོས་འཛིན་གྱིས་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག ཐུན་མོང་གི་མང་གཙོའི་རིན་ཐང་རྣམས་སྲ་བརྟན་དུ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་གི་གནད་ཡོད་དཔོན་རིགས་ལྷན་བཀའ་མོལ་གནང་སྐབས། བོད་དང་། ཤར་ཏུར་ཀིསྟན། ལྷོ་སོག ཧོང་ཀོང་། རྒྱ་རིགས་མང་གཙོ་དོན་གཉེར་བ། ཐ་ན་ཐའེ་ཝན་གྱིས་ཀྱང་མཉམ་རུབ་ཀྱིས་རྒྱ་གཞུང་གི་དྲག་གནོན་ཆེ་བའི་སྲིད་བྱུས་ལ་ཁ་གཏད་གཅོག་བཞིན་པ་དེ་ནང་ཁུལ་གྱི་དཔུང་ཤུགས་ཤིག་མཚོན་གྱི་ཡོད་པ་དང་། ནང་ཁུལ་གྱི་དཔུང་ཤུགས་འདི་དག་ལ་རྒྱབ་སྐྱོར་བྱས་ན། ཡུ་རོབ་ཚུད་པའི་འཛམ་གླིང་གི་སྤྱི་ཚོགས་ཀྱིས་རྒྱ་ནག་དང་དེ་མིན་གྱི་རྒྱལ་ཁབ་ཁག་གི་ནང་དུ་རང་དབང་དང་མང་གཙོའི་རྩ་དོན་གོང་འཕེལ་དུ་གཏོང་བ་དང་། བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བར་ཤུགས་རྐྱེན་སྤྲོད་ཐུབ་པ་གསུངས།
ད་དུང་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་ཐབས་ཇུས་དེ་རྒྱ་ནག་གིས་བོད་ཐོག་ལོག་འགྲེལ་ལོག་བཤད་བྱས་པ་དེར་ཁ་གཏད་གཅོག་ཆེད་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་གནས་བབ་གསལ་སྟོན་གནང་གི་ཡོད་པ་དང་། དེ་ལ་བརྟེན་ནས་དབུ་མའི་ལམ་ལ་རིན་ཐང་འཕར་མ་སླེབས་ངེས་སྐོར་གསུངས་པ་དང་འབྲེལ། ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པའི་བདེན་དཔང་དཔེ་དེབ་གཉིས་ངོ་སྤྲོད་གནང་སྟེ། དབུ་ཁྲིད་ཚོས་རྒྱ་ནག་གཞུང་གིས་ལོག་འགྲེལ་དེ་དག་ལ་དཔྱད་ཞིབ་གནང་དགོས་པའི་རེ་སྐུལ་ཞུས་ཡོད། དེ་མ་ཟད་ཁོང་གིས་ཡུ་རོབ་ཀྱི་དབུ་ཁྲིད་ཚོས་རྒྱ་ནག་གིས་ཡུ་རུབ་ནང་ཤུགས་རྐྱེན་ཇི་ཙམ་སྤྲོད་ཀྱི་ཡོད་པ་རྟོགས་ཞིབ་ཀྱིས་དེ་དོན་ཡུ་རོབ་ཐུན་མོང་ནས་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐའེ་ཝན་གྱི་གཞུང་ཚབ་ཧྥོ་རན་སོ་སི་ཆི་ཆུང་ཝུའུ་ (François Chih-Chung Wu) མཆོག་དང་ལྷན་དུ་བོད་དང་ཐའེ་ཝན་དབར་གྱི་འབྲེལ་ལམ་སྲ་བརྟན་གཏོང་ཐབས་སྐོར་ཆུ་ཚོད་གཉིས་ལྷག་གྲོས་མོལ་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ནས་ཐའེ་ཝན་ལ་ཡིད་སྨོན་དང་རེ་བ་བཟང་པོ་རྒྱག་གི་ཡོད་པ་གསུངས། ཉིན་དེའི་ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲོས་ཚོགས་འཐུས་མི་ཟུར་པ་ཇཱན་མཱི་ཁཱལ་བྷེ་ལོ་ཇི་ (Jean-Michel Belorgey) ལགས་དང་མཇལ་འཕྲད་གནང་སྟེ། གྲོས་ཚོགས་འཐུས་མི་ཟུར་པ་ཁོང་གིས་ཕ་རན་སིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཐབས་འཚོལ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐབས་སུ་མཉམ་ལས་གནང་འཆར་སྐོར་བཀའ་སྡུར་གནང་ཡོད། ཚོགས་འདུ་དེའི་ཐོག་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་མར་སིལ་རོ་ (Marcelle Roux) ལགས་ཀྱང་ལྷན་ཞུགས་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལགས་དང་། སྐུ་ཞབས་ཨན་ཊོ་ནིའུ་བྷོ་སུ་མཱར་(Antony Boussemart) ལགས་གཉིས་ལྷན་མཇལ་འཕྲད་གནང་ཡོད་པ་རེད།
ཕྱི་ཚེས་ ༡༨ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པེ་རི་སིའི་འབྲེལ་མཐུད་ལས་ཁུངས་སུ་པེ་རི་སི་གནས་འཁོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ལྷན་མཇལ་མོལ་གྱིས་ཁོང་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་ལྷན་དུ་བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།