༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་མཇལ་མོལ་གྱིས་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བར་མཐུན་རྐྱེན་དུ་ངོས་འཛིན་གནང་དགོས་པའི་འབོད་སྐུལ་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཡུ་རོབ་ནུབ་ཕྱོགས་རྒྱལ་ཁབ་གི་མཛད་འཆར་ཁག་ལེགས་པར་གྲུབ་པ་དང་བསྟུན། ཉེ་ལམ་ཕྱི་ཟླ་ ༠༤ ཚེས་ ༣༠ ཉིན་ཕ་རན་སིའི་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨན་ཊི་གྷ་ཊོ་ལིན་ (André Gattolin) མཆོག་ལ་ཆེ་བསྟོད་གཟེངས་རྟགས་ (Legion of Honour) འབུལ་བཞེས་ཀྱི་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ཨི་མ་ནོལ་མེག་རོན་མཆོག་དང་མཇལ་འཕྲད་ཀྱིས་རྒྱལ་ཁམས་ཆབ་སྲིད་ཁྲོད་བོད་དོན་མ་བརྗེད་པ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་ཅིང་། ཐེངས་འདིར་ཕ་རན་སིའི་སྲིད་འཛིན་གྱིས་དཔལ་ལྡན་སྲིད་སྐྱོང་མཆོག་མཇལ་འཕྲད་གནང་རྒྱུ་ནི་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་གནང་བའི་ཐག་གཅོད་ཆེན་པོ་ཞིག་ཡིན་པ་དང་། དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་འཛིན་མེག་རོན་མཆོག་ལ་བསྔགས་བརྗོད་དང་འབྲེལ། ཡུ་རོབ་ཀྱི་དབུ་ཁྲིད་གཞན་རྣམས་ནས་ཀྱང་དེའི་རྗེས་སུ་འབྲང་ན་རྒྱ་ནག་ལྷན་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་ཡོང་ངེས་པའི་ནན་བརྗོད་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༡༥ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་བྱུང་བ་དང་། ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་ཕེབས་ཏེ་གྲོས་ཚོགས་འཐུས་མི་ཇེ་ཁེ་ལིན་ཨུ་ཏ་ཆི་བུ་རོ་ནོ་ (Jacqueline Eustache Bruno) ལགས་དང་། ཨལ་སི་ཇོ་རབ་ (Else Joseph) ལགས། མེ་རི་མར་སི་ཧར་(Marie Mercier) ལགས། མེ་རི་པི་རི་རི་ཅར་ (Marie Pierre Richer) ལགས། ཨོ་ལི་བར་རིཊ་མན་ (Olivier Rietmann) ལགས། ཨེ་ནི་མེ་རི་ནེ་ཊི་ལེག་ (Anne-Marie Nédélec) ལགས་གཙོས་པའི་རྒྱལ་སྤྱིའི་བོད་དོན་གནས་ཚུལ་ཚོགས་པ་ (International information group on Tibet) ཡི་ཚོགས་མི་རྣམས་དང་མཇལ་མོལ་གནང་། སྐབས་དེར་ཚོགས་པའི་ལས་རོགས་མ་ནི་ན་ཊི་ལབ་ལག་ནོ་ལི་ (Marina de Laplagnolle) ལགས་དང་། ཝར་ཇི་ནི་མུ་ནེ་རེཊ་ (Virginie Muneret) ལགས། དྲུང་ཡིག་ཐེ་རི་མུ་ནེར་ (Thierry Munier) ལགས་ཀྱང་ལྷན་བཅར་ཞུས་ཡོད།
ཚོགས་འདུའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་མང་གཙོའི་རྒྱལ་ཁབ་ཚང་མར་ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར། རྒྱ་ནག་ནང་གི་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱ་ནག་ནང་དོན་སྙིང་ལྡན་པའི་འགྱུར་བ་ཞིག་ཡོང་བར་ཕྱི་ནང་གཉིས་ཀའི་ནུས་ཤུགས་འདོན་དགོས་ཀྱི་ཡོད། གནས་སྟངས་འདིའི་ཁྲོད་ནས་ང་ཚོ་བོད་མི་དང་། ཡུ་གུར། ཧོང་ཀོང་བ། རྒྱ་རིགས་མང་གཙོ་དོན་གཉེར་བ། ཐ་ན་ཐའེ་ཝན་མི་མང་བཅས་ནི་ནང་གི་སྟོབས་ཤུགས་མཚོན་གྱི་ཡོད། ཅེས་དང་། དེ་བཞིན་ཁོང་གིས་མུ་མཐུད་དེ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གྲོས་ཚོགས་ངོས་ནས་ལས་འགུལ་སྤེལ་ཐབས་ཇི་དགེ་ཡོད་སྐོར་དང་། ལྷག་པར་དུ་ཕ་རན་སི་གྲོས་ཚོགས་ནས་ཨ་རིའི་གྲོས་ཚོགས་ཀྱིས་གནང་བ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་ནས་ཐེ་བྱུས་བྱེད་མི་འོས་པའི་ལངས་ཕྱོགས་གསལ་བརྟན་བཟོ་དགོས་པའི་འབོད་སྐུལ་ཞུས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ཚེས་ ༠༦ ནས་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༠༦ བར་ལོ་འཁོར་མོ་གཅིག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར། ཕ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་། སྙིང་རྗེའི་ལམ་སྟོན་ལ་དང་ལེན་གུས་བརྩི་ཞུ་ཆེད་འཁྲུངས་སྐར་སྲུང་བརྩི་ཞུ་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད།
གྲོས་ཚོགས་འཐུས་མི་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཞུས་དོན་ལ་དགའ་བསུ་དང་སྦྲགས། དམིགས་བསལ་གྱི་མཛད་སྒོ་དེ་ལྟ་བུ་ཞིག་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་སྒྲིག་རྒྱུ་ཡིན་སྐོར་ནན་བརྗོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་འདུའི་རྗེས་གྲུབ་འབྲས་ལྡན་པའི་ལས་འགུལ་རྩོམ་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད།དཔལ་ལྡན་སྲིད་སྐྱོང་ལྷན་དུ་བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་དང་ལས་བྱེད་འཇིགས་མེད་རྡོ་རྗེ་ལགས་ལྷན་བཅར་ཞུས་ཡོད།
ཕྱི་ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པེ་རི་སི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཇིན་ལུག་རོ་མི་རོ་ (Jean-Luc Roméro)ལགས་དང་། གྲོང་སྡེའི་ལྷན་ཚོགས་ཀྱི་ཚོགས་མི་ཇི་ནི་བི་གྷ་རི་གྷོ་སི་ (Geneviève Garrigos) ལགས། པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པའི་ཤེས་ཡོན་འབྲེལ་མཐུད་པ་པེ་ཀྲིག་བོ་ལོ་ཅེ་ (Patrick Bloche) ལགས་ལྷན་མཇལ་འཕྲད་གནང་། སྐབས་དེར་སྲིད་སྐྱོང་མཆོག་གིས་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ལྷན་མཉམ་ལས་གནང་ཕྱོགས་དང་། ཕ་རན་སི་གཞུང་ནས་རྒྱ་ནག་གི་ཁ་གཏད་དུ་སྟོབས་ཤུགས་ངོམ་དགོས་སྐོར། དམིགས་བསལ་རྒྱ་ནག་ལ་ཚོང་འབྲེལ་བརྟེན་རྒྱུ་ཉུང་དུ་གཏང་རྒྱུ་མཚོན་པའི་འཚེ་མེད་ཞི་བའི་ལམ་ནས་གདོང་ལེན་བྱེད་དགོས་པའི་སྐོར་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤར་ཕྱོགས་པའི་སྐད་ཡིག་དང་རིག་གནས་བསྟི་གནས་ཁང་ (Institute of Oriental Languages & Civilisations) དུ་ཕེབས་ཏེ་ས་ཁམས་ཆབ་སྲིད་ཐོག་བོད་གལ་ཆེ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། དེ་རྗེས་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་དང་ལྷན་དུ་ནང་མོལ་དང་། གསར་འགོད་པའི་བཅར་འདྲི་ཁག་ཅིག་ལ་ལན་འདེབས་གནང་ཡོད་པ་བཅས།།