༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཕེབས་འབྱོར་གྱིས་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མཇལ་འཕྲད་དང་། ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནང་ཕེབས་ཡོད་པ་རེད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨི་ཊ་ལི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་མོལ་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། འབྱུང་འགྱུར་བོད་ནང་རྒྱ་ནག་གཞུང་གི་བཙན་གནོན་ལ་གདོང་ལེན་བྱེད་ཐབས་ཀྱི་འཆར་གཞི་འཆར་འགོད་གནང་ཕྱོགས་སྐོར་གྲོས་མོལ་ཞིབ་ལྷུག་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དང་ཨི་ཊ་ལི་བར་གྱི་འབྲེལ་བ་ནི། ཕྱི་ལོའི་དུས་རབས་བཅུ་དྲུག་པ་ནས་བཟུང་ཨི་ཊ་ལའི་ཡེ་ཤུའི་ཆོས་སྤེལ་མཁན་བོད་དུ་འབྱོར་བ་ནས་གྲུབ་ཡོད་པས་ཡུ་རོབ་རྒྱལ་ཁབ་ནང་ནས་བོད་དང་འབྲེལ་བ་ཐོག་མར་བྱུང་མཁན་ཨི་ཊ་ལི་ཡིན་སྟབས། ཨི་ཊ་ལིས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསལ་སྟོན་དང་། འབྱུང་འགྱུར་བོད་དང་ཨི་ཊ་ལིའི་འབྲེལ་བ་སྔར་ལྷག་དམ་ཟབ་གཏོང་བར་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཊི་པི་ར་མོ་ཨན་ཊི་རི་ཡ་ (De Priamo Andrea) མཆོག་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷ་རམ་ས་ལར་བོད་མིིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་དུ་མགྲོན་འབོད་གནང་ཡོད། སྐབས་དེར་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཊི་པི་ར་མོ་ཨན་ཊི་རི་ཡ་ (De Priamo Andrea) མཆོག་དང་། ཚོགས་གཞོན་ཨི་ལི་ནི་ཡ་མ་ལ་ཝ་སི་ (Ilenia Malavasi) ལགས། གྲོས་ཚོགས་འཐུས་མི་ཏར་ཛི་ཊི་སེན་ཊ་ (Terzi di Sant´Agata Giulio) ལགས། གྲོས་ཚོགས་འཐུས་མི་ཊོ་མེ་ནི་ཀ་ཨི་སི་པི་ནི་ལི་(Domenica Spinelli) ལགས། ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Italia Tibet Association) ཚོགས་གཙོ་ཀ་ལ་ཀྲོ་ཀར་ཊི་ལི་ (Claudio Cardelli) ལགས། ཨི་ཊ་ལི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ལགས། རྒྱལ་སྤྱིའི་ཁྲིམས་ཀྱི་དབང་སྒྱུར་མཐུན་ཚོགས་ཀྱི་དྲུང་ཆེ་མེ་ཊི་ཊོ་ཨག་གི་ལི་ (Matteo Angioli) ལགས་ཕེབས་ཞུགས་གནང་ཡོད།
མཛད་སྒོའི་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བྱུས་བྱེད་བཞིན་པ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་གི་ཁྱད་ཆོས་ལྡན་པར་བཙན་སྒྱུར་གྱི་ལས་གཞི་རྒྱ་ཁྱབ་སྤེལ་བཞིན་པར་གདོང་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་སྦྲགས། ཨི་ཊ་ལི་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་ངོས་འཛིན་གནང་རྒྱུའི་སྐུ་དབང་མགོན་པོ་གང་ཉིད་མཆོག་ཁོ་ནར་ཡོད་པ་ལས། རྒྱ་ནག་ཐེ་བའི་སྲིད་གཞུང་གང་གིས་ཀྱང་ཐེ་བྱུས་བྱེད་མི་འོས་པའི་གཞུང་འབྲེལ་སྲིད་བྱུས་གཏན་འབེབས་ཡོང་བའི་རེ་སྐུལ་ཞུས་ཡོད། དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཕྱིར་བསྡུ་མཚམས་འཇོག་ཡོང་བར་གྲོས་ཚོགས་འཐུས་མི་རྣམས་ནས་ཐེ་བྱུས་གནང་དགོས་པའི་རེ་འདུན་བཏོན་གནང་ཡོད་པ་རེད། ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཊི་པི་ར་མོ་ཨན་ཊི་རི་ཡ་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཚད་མཐོར་གཏང་རྒྱུར་ནན་བརྗོད་དང་འབྲེལ། ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཉེ་ལམ་རྒྱ་ནག་གཞུང་གིས་ཁམས་སྡེ་དགེར་ཆུ་མཛོད་གསར་རྒྱག་ལས་གཞིར་བོད་མི་རྣམས་ནས་ཞི་རྒོལ་བྱས་པར་འཛིན་བཟུང་བཙོན་འཇུག་བྱས་པའི་ཛ་དྲག་གནས་སྟངས་དང་། མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་གདོང་ལེན་བྱེད་ཕྱོགས་ཀྱི་ལས་གཞི་སྤེལ་མུས་ཡིན་པ་སྙན་སེང་ཞུས། དེ་རྗེས་གྲོས་ཚོགས་འཐུས་མི་ཏེར་ཛི་ལགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་དུམ་བུ་གཉིས་སུ་གཏོང་ཐབས་ཀྱི་བྱུས་ངན་འདིང་བཞིན་པའི་སྐོར་དང་། རྒྱ་ནག་གི་རྒྱལ་མཚམས་ལས་འགལ་བའི་དྲག་གནོན་ལ་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས།དེ་དང་འབྲེལ་ཏེ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་དང་རྒྱ་ནག་བར་ཉོ་ཚོང་འདྲ་སྙོམ་མེད་པར་བརྟེན་འབྱུང་འགྱུར་ཡུ་རོབ་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་དང་། རྒྱ་ནག་གཞུང་གིས་ཨེ་ཤི་ཡ་དང་ཨ་ཕི་རི་ཀའི་རྒྱལ་ཁབ་ཆུང་བའི་ནང་མ་རྩ་འཕོན་ཆེན་བཙུགས་ཏེ་རྒྱལ་ཁབ་དེ་དག་བུ་ལོན་ནང་འཚུད་རྒྱུའི་བྱུས་ངན་གཏིང་གི་ཡོད་སྐོར་གསལ་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཨི་ཊ་ལི་དང་བོད་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡིག་ཆར་འགོད་རྒྱུར་མཉམ་རུབ་ཀྱི་ལས་གཞི་སྤེལ་འཆར་ཡོད་སྐོར་གསུངས་པར་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད་པར་བརྟེན་ལོ་འཁོར་མོ་ཞི་བདེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ལས་གཞིའི་སྐོར་འགྲེལ་བརྗོད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་ལྷན་དུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། སུད་སི་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།