༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་ཞུ་སྐུལ་གནང་མུས་བཞིན། ཇར་མ་ནཱི་རྒྱལ་ས་བྷར་ལིན་དུ་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་བཙན་འཇུག་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་སྐོར་དང་། རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱ་རྒྱུ་ཐེ་བའི་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་ནས་རྒྱ་ནག་གཞུང་གི་བྱེད་བབ་དེར་གདོང་ལེན་བྱ་ཕྱིར་སྲིད་བྱུས་ཁྲིམས་ཡིག་ཁ་གསལ་གཏན་འབེབས་གནང་ཡོད་པ་ལྟར། ཇར་མ་ནི་སྲིད་གཞུང་ནས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༧ ཉིན་ཇར་མ་ནི་རུ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཙོ་བོ་ཇར་མ་ནི་གཞུང་གི་ཆོས་དད་རང་དབང་ལྷན་ཁང་གི་ངེས་སྟོན་པ་ཨན་ཀེ་ཨོ་པར་མན་ (Anke Oppermann) ལགས་དང་མཇལ་འཕྲད་གནང་ཞིང་། སྐུ་ཞབས་ཨན་ཀེ་ཨོ་པར་ལགས་ཀྱིས་ཇར་མ་ནི་སྲིད་གཞུང་གིས་འདོན་སྤེལ་གནང་བའི་རྒྱལ་སྤྱིའི་ཆོས་རང་དབང་གནས་བབ་ཀྱི་སྙན་ཐོ་དང་། ལྷན་ཁང་ནས་ཆོས་དད་རང་དབང་ཡར་རྒྱས་གཏོང་ཐབས་སུ་འབྱུང་འགྱུར་སྤེལ་འཆར་ཡོད་པའི་ལས་གཞིའི་སྐོར་སྙན་སེང་ཞུས་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇར་མ་ནིའི་སྲིད་གཞུང་གི་ཆོས་དད་རང་དབང་ལྷན་ཁང་སྤྱི་དང་། དམིགས་བསལ་སྐུ་ཞབས་ཕེ་རེང་ཀ་ཤོ་ཝེ་བེ་ (Frank Schwabe) ལགས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་སྐོར་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཇར་མ་ནི་སྲིད་གཞུང་ནས་བློ་མཐུན་རྒྱལ་ཁབ་ཁག་དང་མཉམ་སྦྲེལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་ནི་ཆོས་ཕྱོགས་ཀྱི་གནང་སྒོ་ཙམ་ལས་སྲིད་གཞུང་གིས་ཐེ་བྱུས་བྱེད་མི་འོས་པའི་སྐོར་ལངས་ཕྱོགས་ཁ་གསལ་ཡོང་བའི་འབོད་སྐུལ་ཞུས་ཡོད།དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇར་མ་ནིའི་གྲོས་ཚོགས་འཐུས་མི་དང་། ཇར་མ་ནི་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་རོ་དྷི་རེ་ཁི་སི་ཝེ་ཊར་ (Roderich Kiesewetter) ལགས་དང་མཇལ་འཕྲད་གནང་སྟེ། རྒྱ་ནག་གི་དབང་ཆ་གཅིག་སྡུད་རིང་ལུགས་ལ་གདོང་ལེན་བྱེད་པར་བོད་མི་ཚོ་ལས་དངོས་ཡོད་ཀྱི་བསླབ་བྱ་ལེན་ཐུབ་ཚུལ་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་འགྲེལ་བརྗོད་དང་། རོ་དྷི་རེ་ཁི་སི་ཝེ་ཊར་ལགས་ཀྱིས་༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་ཞི་བདེ་སྐྲུན་དགོས་པའི་ལམ་སྟོན་དེ་དུས་ཡུན་རིང་པོར་འབྲེལ་ཡོད་དང་། བོད་མི་མང་གིས་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཐབས་ཇུས་དེ་གལ་ཆེན་པོ་ཡིན་པར་གསུངས།ཕྱི་ཚེས་ ༠༥ ནས་ ༠༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞུང་གི་མཐོ་རིམ་ལས་བྱེད་ལྷན་དུ་ནང་མོལ་གནང་བ་མ་ཟད། གཞན་ཡང་ས་གནས་ཀྱི་གསར་ཁང་ཁག་ཏུ་ཡུ་རོབ་ནས་བོད་ཐོག་སྲིད་བྱུས་གཏན་པོ་བཟུང་དགོས་སྐོར་གསུངས། ཕྱི་ཚེས་ ༠༦ དང་། ༠༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བྷར་ལིན་གནས་འཁོད་བོད་དོན་ཞུ་གཏུག་ཚོགས་པ་ (Tibet Initiative Deutschland) དང་། ཇར་མ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ལྷན་མཇལ་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཞུ་གཏུག་གནང་ཕྱོགས་སྐོར་གྲོས་མོལ་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་དང་། ལྷག་པར་ཇར་མ་ནི་ཡིས་རྒྱ་ནག་དང་འབྲེལ་བ་བྱེད་སྐབས་རང་གི་སྟོབས་ཤུགས་བེད་སྤྱོད་བྱེད་དགོས་པ་དང་། ལྷག་པར་སྲིད་དབང་སྒེར་སྤྱོད་པར་གདོང་ལེན་བྱེད་སྐབས་བོད་མི་ནས་སེམས་འགུལ་ཐེབས་ཐུབ་ཚུལ་འགྲེལ་བརྗོད་གནང་བ་མ་ཟད། ཇར་མ་ནི་ཡིས་སྣེ་ཁྲིད་དེ་མང་གཙོ་དང་རང་དབང་གི་རིན་ཐང་ཁག་གཅེས་སྲུང་བྱ་དགོས་པའི་རེ་སྐུལ་གནང་ཡོད།ཕྱི་ཚེས་ ༠༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཨི་ཊ་ལིའི་རོམ་དུ་ཉིན་གྲངས་གཅིག་གི་མཛད་འཆར་ཡོད་པ་དང་། ཕྱི་ཚེས་ ༡༠ དང་ ༡༡ ཉིན་ཨོསྟྲེ་ཡ་དང་། ཕྱི་ཚེས་ ༡༢ ནས་ ༡༥ བར་སུད་སིར་མཛད་འཆར་ཁག་ཅིག་ཡོད་པ་བཅས།།