༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༤ ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སིའི་རྒྱལ་ས་བྷེན་དུ་སུད་སིའི་གྲོས་ཚོགས་འཐུས་མི་དང་། སུད་སི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༩ ཉིན་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་མ་ཡ་ག་རབ་ (Maya Graf) ལགས་དང་། གྲོས་ཚོགས་འཐུས་མི་བྷར་བ་ར་གྷི་སི་ (Barbara Gysi) ལགས། གྲོས་ཚོགས་འཐུས་མི་ཕེ་བྷིན་མོ་ལི་ན་ (Fabian Molina) ལགས། གྲོས་ཚོགས་འཐུས་མི་ནིག་གྷུ་གར་ (Nik Gugger) ལགས་ནས་སུད་སིའི་གྲོས་ཚོགས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་བསུ་སྣེ་ལེན་ཞུས་ཡོད། སུད་སིའི་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་བའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་ཤོག་གཞུང་ལ་གདོང་ལེན་བྱེད་པར་བོད་དང་། ཡུ་གུར། ཧོང་ཀོང་། ཐའེ་ཝན་གྱི་གནད་དོན་གལ་ཆེན་པོ་ཆགས་ཚུལ་དང་འབྲེལ་ཏེ། གལ་སྲིད་རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས་ན། ཕྱི་ནང་གི་སྟོབས་ཤུགས་གཉིས་ཚང་དགོས་ལ། ང་ཚོ་ནི་ནང་གི་སྟོབས་ཤུགས་ཡིན་ཞེས་གསལ་བཤད་གནང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་ལ་ཆེ་མཐོང་ཐོབ་ཐབས་སུ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གལ་ཆེན་པོ་ཡིན་པ་ནན་བརྗོད་དང་འབྲེལ། གྲོས་ཚོགས་འཐུས་མི་རྣམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སུ་ལས་འགུལ་རིགས་སྤེལ་གནང་ཡོང་བ་དང་། དམིགས་བསལ་ད་ལྟའི་དུས་སྐབས་སུ་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་ཡུ་རོབ་ཁྱོན་ཡོངས་ནས་རྒྱ་ནག་ལ་ལྟ་ཕྱོགས་བཟང་པོ་མེད་པའི་དུས་འདིར་སུད་སི་གཞུང་ནས་རྒྱ་ནག་དང་འབྲེལ་བ་གནང་སྐབས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་བཟུང་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།དེ་དང་འབྲེལ་ཏེ་སུད་སིའི་གྲོས་ཚོགས་འཐུས་མི་མ་ཡ་ག་རབ་ལགས་ཀྱིས་འདས་པའི་ལོ་རྒྱུས་ཀྱི་མྱོང་བ་ལ་གཞིགས་ཏེ་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་བཟུང་སྟངས་ལ་འགྱུར་བ་དགོས་ངེས་ཡིན་པའི་སྐུལ་དེད་གནང་རྗེས་ཉིན་གུང་གསོལ་ཚིགས་མཉམ་བཞེས་གནང་ཡོད། གཞན་ཡང་ཚོགས་འདུའི་ཐོག་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲས་རེ་ནེ་ལོང་གྷེཊ་ (Rene Longet) ལགས་ཀྱང་ཕེབས་ཞུགས་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་རེ་ནེ་ལགས་ཀྱིས་ལོ་ངོ་ ༣༥ སྔོན་དུ་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་གཞོགས་འདེགས་རླབས་ཆེན་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཚོགས་འདུའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་དུ་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། (Gesellschaft Schweizerisch-Tibetische Freundschaft) ཞེས་པའི་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྤྱི་ཟུར་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཡིག་ཐོ་མ་སི་བྷུ་ཆི་ལི་ (Thomas Buchli) ལགས། སུད་སི་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས། སུད་སི་དང་ལེག་ཀྲིན་ཚིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངེས་དོན་རྒྱ་མཚོ་ལགས་དང་ཚོགས་གཞོན་སྐལ་བཟང་ལགས་སོགས་ཕེབས་ཞུགས་གནང་ཡོད། དེ་དང་དུས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སིའི་གསར་ཁང་གྲགས་ཆེ་བ་ཁག་ཅིག་གི་བཅར་འདྲིར་ལན་འདེབས་ཀྱང་གནང་ཡོད།གཞན་ཡང་ཕྱི་ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨི་རིཀ་ནུ་སི་བྷོ་མར་ (Eric Nussbaumer) མཆོག་དང་གསོལ་ཚིགས་ཐོག་མཇལ་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ཕུན་ཚོགས་སྟོབས་རྒྱལ་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།