༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། དྷ་ས་ས་གནས་གཞོན་ལྷན་ཟུང་འབྲེལ་གྱི་གོ་སྒྲིག་འོག་བཞུགས་སྒར་དྷ་ས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ ༼རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན།༽ ཞེས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་སིལ་སྤོལ་ (All India Basketball Tournament) གྱི་རྩེད་འགྲན་ཐེངས་ ༢༡ པའི་ཉིན་མཐའ་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་སྟེ་གསུང་བཤད་གནང་སོང་། སྐབས་དེར་སྤྱི་འཐུས་རྒྱུན་ལས་རྣམ་པ་ཡང་མགྲོན་འབོད་ལྟར་ཕེབས་གནང་ཡོད། རྩེད་མགྲན་དེའང་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༥ ནས་ ༢༩ བཅས་ཉིན་ལྔ་ཡིན་འདུག་ཀྱང་ཁ་ས་གནམ་གཤིས་ཀྱིས་རྐྱེན་པས་ཉིན་གཅིག་ཕར་འགྱང་ཞུས་ཏེ་ཚེས་ ༣༠ ཉིན་མཇུག་སྐྱོང་གནང་སོང་།
ཐེངས་འདིའི་རྩེད་འགྲན་ཐོག་བུའི་རུ་ཁག་ ༡༢ ནང་ནས་མཐའ་མ་བོད་དམག་རུ་ཁག་དང་། དྷ་ས་གངས་ཅན་པ་རུ་ཁག་གཉིས་དབར་མཐའ་མའི་རྩེད་འགྲན་གནང་ནས་རྒྱལ་ཁ་དེ་བོད་དམག་རུ་ཁག་ལ་ཐོབ་ཡོད་པ་དང་། དེ་བཞིན་བུ་མོའི་རུ་ཁག་ ༤ ནང་ནས་མཐའ་མ་མུན་སེལ་རུ་ཁག་དང་། ང་དགུའི་རུ་ཁག་གཉིས་ནས་རྒྱལ་ཁ་དེ་མུན་སེལ་རུ་ཁག་ལ་ཐོབ་གནང་སོང་། །