༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོསྟྲི་ཡཱའི་རྒྱལ་ས་ཝི་ཧ་ནར་ཕེབས་ཏེ་ཨོསྟྲི་ཡཱའི་གྲོས་ཚོགས་འཐུས་མི་དང་། ས་གནས་ཀྱི་བོད་རིགས་གཞོན་སྐྱེས། གསར་འགོད་པ་ལྷན་དུ་ཐུག་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་དང་གོ་རྟོགས་ཀྱི་ལས་འགུལ་མུ་མཐུད་སྤེལ་གནང་ཡོད་པ་རེད།
དེ་ཡང་ཐེངས་འདིའི་ཨོསྟྲི་ཡཱའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཛད་འཆར་ཕལ་མོ་ཆེ་ས་གནས་ཀྱི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་འགན་ཁུར་གཙོ་བོ་ཁྱེར་ཏེ་སྒྲིག་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོསྟྲི་ཡཱའི་གྲོས་ཚོགས་འཐུས་མི་ཕཧི་ཀ་ཨལ་ན་ག་ཤི་ (Faika El-Nagashi) ལགས་དང་། ལྗང་ཁུ་སྲིད་དོན་ཚོགས་པའི་མགྲིན་ཚབ་པ། ཨོསྟྲི་ཡཱ་མི་མང་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་གུ་དུ་རུན་ཀུག་ལེར་ (Gudrun Kugler) ལགས་དང་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་ལ་ནན་བརྗོད་གནང་གི་ཡོད་པ་གསལ་བཤད་དང་། རྒྱ་ནག་གཞུང་གིས་བོད་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པས། ད་ལྟ་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རྒྱ་ཁོངས་ཡིན་ཚུལ་ངོས་འཛིན་ཐོབ་ཐབས་སུ་འབད་རྩོལ་ལྷོད་མེད་བྱེད་ཀྱི་ཡོད་ལ། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གི་བཤད་ཚུལ་རྗེས་སུ་འབྲང་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པ་གསུངས། དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོསྟྲི་ཡཱ་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་དང་། དམིགས་བསལ་ཨོསྟྲི་ཡཱ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར་གྲོས་ཚོགས་འཐུས་མི་ཕཧི་ཀ་ཨལ་ན་ག་ཤི་ལགས་ཀྱིས་སྲིད་སྐྱོང་མཆོག་གི་ཞུས་དོན་ཁག་ཨོསྟྲི་ཡཱའི་གྲོས་ཚོགས་ནང་གླེང་སློང་གནང་རྒྱུ་དང་། ཨོསྟྲི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཐབས་འབད་རྩོལ་ཞུ་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རང་དབང་ཚོགས་པ་གསར་པའི་ (The New Liberal Forum) གྲོས་ཚོགས་འཐུས་མི་ཧེན་རི་ཀེ་པྲན་རྡི་སི་ཊོ་ཊར་(Henrike Brandstötter) ལགས་དང་མཇལ་འཕྲད་གནང་སྟེ་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གིས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་རྣམས་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱལ་མཚམས་བརྒལ་བའི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་ཁ་གཏད་གཅོག་རྒྱུའི་གནད་དོན་སྐོར་གྲོས་བསྡུར་གནང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོསྟྲི་ཡཱ་རྒྱལ་ཁབ་ཀྱི་ས་ཁྱོན་ཆུང་ཡང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསྟན། ལྷོ་སོག ཐའེ་ཝན། ཧོང་ཀོང་བཅས་ཀྱི་ནང་བཙན་གནོན་བྱེད་བཞིན་པར་ངོ་རྒོལ་བྱེད་རྒྱུའི་བཟང་སྤྱོད་ཀྱི་འོས་འགན་ཡོད་སྐོར་ནན་བརྗོད་གནང་ཡོད།ཕྱོགས་མཚུངས་ས་གནས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་ཁང་གྲགས་ཆེ་བ་ཁག་ཅིག་གི་བཅར་འདྲིར་དང་ལེན་དང་། ས་གནས་གཟའ་མཇུག་བོད་ཡིག་སློབ་གྲྭར་འཚམས་གཟིགས། ཝི་ཧ་ན་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་མོལ་གནང་བ་མ་ཟད། ས་གནས་ནས་ཕེབས་ཐོན་མ་གནང་ཙམ་གྱི་སྔོན་དུ་ས་གནས་ཀྱི་བོད་རིགས་གཞོན་སྐྱེས་ལྷན་ཐུག་འཕྲད་གནང་སྟེ། བོད་མཐོ་སྒང་གི་གལ་གནད་དང་། བོད་ནང་གི་ཛ་དྲག་གནས་སྟངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་བཙན་བྱོལ་ནང་ལོ་ངོ་ ༦༠ ལྷག་གསོན་གནས་ཐུབ་ཚུལ་ངོ་སྤྲོད་དང་། བོད་རིགས་གཞོན་སྐྱེས་རྣམས་ནས་མ་འོངས་པར་བོད་དོན་འཐབ་རྩོད་ལ་ཞབས་འདེགས་སྒྲུབ་པའི་རེ་བ་ཆེན་པོ་ཡོད་པ་དང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ནས་བོད་དོན་ཞུ་གཏུག་གནང་ཕྱོགས་ལ་མིག་དཔེ་བཟང་པོ་བསྟན་པར་བསྔགས་བརྗོད་གནང་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་གནམ་ཐང་དུ་ཕེབས་ཐོན་མ་གནང་གོང་ཨོསྟྲི་ཡཱ་གནས་འཁོད་བོད་རིགས་མང་ཚོགས་དང་མཇལ་འཕྲད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་ལྷན་དུ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།