༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ནས་དོན་ཁང་དུ་ཡུ་ཀི་རིན་གཞོན་སྐྱེས་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་ཡོད་པ་དང་། ཆུ་ཚོད་གཅིག་ལྷག་གི་རིང་ཕྱོགས་གཉིས་དབར་ཕན་ཚུན་གནས་ཚུལ་ངོ་སྤྲོད་དང་། ཉམས་མྱོང་སྤེལ་རེས། མ་འོངས་ལས་དོན་བྱེད་ཕྱོགས་སོགས་སྐོར་བཀའ་མོལ་ཞིབ་ཕྲ་ཞུས་ཡོད་པ་རེད།
ཐོག་མ་ཡུ་ཀི་རིན་གྱི་གཞོན་སྐྱེས་སྐུ་ཚབ་ཚོགས་པའི་ངོས་ནས་སོ་སོ་སྒེར་དང་ཚོགས་པའི་ངོ་བོ་ངོ་སྤྲོད་དང་འབྲེལ། ཚོགས་ཆུང་གི་ཚོགས་གཙོ་ནས་ད་ཐེངས་ཡུ་ཀི་རིན་གྱི་གཞོན་སྐྱེས་སྐུ་ཚབ་ཚོགས་ཆུང་གཞུང་འབྲེལ་མིན་པའི་ངོ་བོ་ཐོག་ཐའེ་ཝན་དུ་འཚམས་གཟིགས་ཕེབས་ཡོད་ཀྱང་། འདི་ཕྱོགས་སུ་མ་ཡོང་གོང་འབྲེལ་ཡོད་གཞུང་འབྲེལ་ལས་ཁུངས་དང་བཀའ་མོས་ཞུས་ཏེ་ཕེབས་པ་ཞིག་ཡིན་པ་དང་། ཁོང་ཚོ་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཆེན་པོ་ཡོད་པ་དང་། བོད་མི་ཚོས་མི་ལོ་ ༦༠ ལྷག་རིང་དཀའ་སྤྱད་སྡུག་རུས་ཀྱིས་རྒྱ་ནག་དམར་པོ་གཞུང་དང་འཐབ་རྩོད། སོ་སོའི་རང་དབང་རྩོད་ལེན་གྱི་སྙིང་སྟོབས་ལ་སེམས་གཏིང་ནས་གུས་ཞབས་ཡོད་པ་མ་ཟད། ཁྱེད་ཚོའི་ཉམས་མྱོང་ལ་སློབ་སྦྱོང་དང་། ཕྱོགས་ཕན་ཚུན་དབར་འབྲེལ་བ་གོང་སྤེལ་གཏོང་ཐབས། རྒྱལ་སྤྱིའི་ཐོག་མཉམ་འདུས་གྱི་ལས་འགུལ་སྤེལ་ཕྱོགས་སོགས་སྐོར་བཀའ་མོལ་ཞུ་རྒྱུའི་འདུན་པ་ཆེན་པོ་ཡོད་ཅེས་གསུངས། དེ་ནས་ཚོགས་མི་རེ་རེ་བཞིན་སོ་སོའི་ཉམས་མྱོང་ངོ་སྤྲོད་དང་འབྲེལ་ཕྱོགས་ཕན་ཚུན་དབར་ཆོས་དང་རིག་གཞུང་། ཆབ་སྲིད། ལས་འགུལ་སྤེལ་ཕྱོགས་སྐོར་གྱི་བསམ་ཚུལ་རྣམས་སྦས་གསང་མེད་པ་བརྗོད་རྗེས། སྐུ་ཚབ་དོན་གཅོད་ནས་ཡུ་ཀི་རིན་གྱི་གཞོན་སྐྱེས་སྐུ་ཚབ་ཚོགས་ཆུང་ཞིག་དོན་ཁང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་། དོན་ཁང་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་ཞབས་བཅགས་མྱོང་བའི་གནས་ཁྱད་པར་ཅིན་ཞིག་ཡིན་ཅིང་། ཁྱེད་རྣམ་པ་འདིར་ཕེབས་པ་ནི་ལོ་རྒྱུས་རང་བཞིན་གྱི་འཚམས་གཟིགས་ཤིག་ཡིན་པ་དང་། ལོ་རྒྱུས་ཐོག་བོད་ལ་རྒྱལ་ཁབ་དང་མི་རིགས་གཞན་གྱིས་བཙན་འཛུལ་བྱས་ཏེ་དཀའ་ངལ་ཚད་ལས་འདས་པ་མྱངས་དང་མྱོང་བ་ལྟར་། ད་ལྟ་ཁྱེད་ཚོ་ལའང་གཅིག་མཚུངས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་སྟབས། ང་ཚོ་བོད་པའི་ངོས་ནས་ཁྱེད་རྣམ་པར་གདུང་སེམས་མཉམ་སྐྱེད་ཡོད་ལ། ང་ཚོ་བོད་པ་དང་མི་འདྲ་བར་ཁྱེད་རྣམ་པར་འཛམ་གླིང་སྤྱི་ཡོངས་རང་དབང་མང་གཙོ་དང་དྲང་བདེན་ལ་དགའ་བའི་ཕྱོགས་མཐུན་རྒྱལ་ཁབ་རྣམས་ཀྱིས་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་ཡོད་པས། དྲང་བདེན་ལ་རྒྱལ་ཁ་ཐོབ་པའི་རེ་སྨོན་དང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ཅེས་གསུངས། གཞན་ཡང་སྐུ་ཚབ་དོན་གཅོད་ནས་གསུང་དོན། ཁྱེད་རྣམ་པས་ང་ཚོ་བོད་མིའི་སྒྲིག་འཛུགས་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་མཉམ་དུ་མཉམ་ལས་ཀྱི་ལས་འཆར་དང་དགོངས་ཚུལ་མང་པོ་ཞིག་གསུངས་སོང་། གུས་པ་སྐུ་ཚབ་དོན་གཅོད་ཡིན་པའི་ཆ་ནས་ཁྱེད་རྣམ་པས་དགོངས་འཆར་གསུངས་པ་ཁག་ང་ཚོའི་དབུས་གཞུང་ལ་ནན་ཏན་གྱི་སྙན་སེང་ཞུ་རྒྱུ་དང་། ང་ཚོའི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་དང་མཉམ་ལས་ཞུ་རྒྱུའི་དགོངས་འཆར་ཁག་ཁོང་ཚོར་བརྒྱུད་འབུལ་དང་འབྲེལ་ཁྱེད་ཚོ་ཕན་ཚུན་དབར་ངོ་སྤྲོད་ཞུ་ཆོག་ཅེས་གསུངས།
དེ་རྗེས་ཕན་ཚུན་བར་དྲི་བ་དྲིས་ལན་སྐབས་སྐུ་ཚབ་དོན་གཅོད་ནས་བོད་མིའི་སྒྲིག་འཛུགས་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་། དམིགས་བསལ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་བཙུགས་པའི་རྒྱབ་ལྗོངས་ལོ་རྒྱུས་ནས་ལས་དོན་སྤེལ་ཕྱོགས། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་གྱི་ཤུགས་ཚད་སོགས་ངོ་སྤྲོད་མཐིལ་ཕྱིན་ཞུས།
ད་ཐེངས་ཡུ་ཀི་རིན་གཞོན་སྐྱེས་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་དུ་འཚམས་གཟིགས་ཕེབས་པར་ཐའེ་ཝན་གྱི་ཆབ་སྲིད་ཚོགས་པ་དང་། གཞུག་ཁོངས་མིན་པའི་ཚོགས་པ་ཁག ཐའེ་ཝན་མང་ཚོགས་བཅས་ལ་ཐུག་འཕྲད་དང་ཕན་ཚུན་བགྲོ་གླེང་གི་ལས་རིམ་རྒྱ་ཆེ་སྒྲིག་ཡོད་པ་མ་ཟད། གདམ་ཐོན་སྲིད་འཛིན་གཞོན་པ་ལྕམ་ཞའོ་མེལ་ཆིམ་མཆོག་གིས་ཀྱང་ཁོང་ཚོར་ཐུག་འཕྲད་གནང་སྟེ་དགའ་བསུ་ཚད་མཐོན་པོ་གནང་ཡོད་པ་རེད། །