༄༅། །ཉི་འོང་སྐུ་ཚབ་དོན་ཁང་ནས་ཉི་འོང་གི་རྒྱལ་ས་ཊོཀ་ཁྱོ་གྲོང་ཁྱེར་གྱི་ཐུ་ཀི་ཇི་ཧོང་ཝན་ཇི་ལྷ་ཁང་དུ་ཕྱི་ལོ ༢༠༢༤ ཟླ་བ ༥ ཚེས ༤ དང་ ༥ བཅས་ཉིན་གཉིས་རིང་གི་བོད་ཀྱི་དུས་ཆེན་གོ་སྒྲིག་ཞུས་ཡོད། དུས་ཆེན་དེའི་དམིགས་ཡུལ་ནི། ཉི་འོང་མི་མང་དང་ཡུལ་སྐོར་བ་ཚོར་བོད་ཀྱི་ཆོས་དང་ལོ་རྒྱུས་ཀྱི་རིག་གཞུང་ཕུན་སུམ་ཚོགས་པ་ངོ་སྤྲོད་བྱ་རྒྱུ་ཡིན་ཞིང་། ལས་གཞི་དེར་བོད་སྐྱོབ་འབྲེལ་མཐུད་ལས་ཁང་གིས་རྒྱབ་སྐྱོར་གནང་ཡོད་པ་རེད།
ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གསུང་བཤད་གནང་སྐབས་ཚོགས་བཅར་བ་རྣམས་ལ་དགའ་བསུ་ཞུས་པ་དང་ཆབས་ཅིག ཕྱི་ལོ་ ༡༩༠༨ ལོར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་ནིའུ་ཤི་ཧོང་ཝན་ཇིའི་ཆོས་རྗེ་ཨོ་ཏ་ནི་སོན་ཡ་གཉིས་མཇལ་འཕྲད་གནང་བ་ནས་བཟུང་བོད་དང་ཉི་འོང་དབར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་གྲུབ་ཚུལ་དང་། དེའི་རྗེས་ཚ་བ་ཁྲི་སྤྲུལ་དང་། ཨའོ་ཀི་པུཀྐོ། ཏཱ་དཱ་ཐོ་ཀན་སོགས་སློབ་ཕྲུག་བརྗེ་རེས་ཀྱི་ལས་འཆར་ཁག་དང་། དེ་བཞིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་སྐུ་མཆེད་ལྟག་མཚེར་རིན་པོ་ཆེ་མཆོག་ཉི་འོང་དུ་བཞུགས་སྐབས་ཕྱི་ལོ ༡༩༥༠ ནང་ཙམ་ལ་ཙུ་ཀི་ཇི་ཧོང་ཝན་ཇི་ལྷ་ཁང་གི་མཁན་པོ་ཀི་ཏཱ་ཀེ་ཀྱོ་ཤིན་གྱིས་ཕྱག་རོགས་ཇི་ལྟར་ཞུས་ཚུལ་སོགས་གསུངས།ལྷ་ཁང་གི་མཁན་པོ་ཀི་མུ་ར་ཏོ་མུ་ར་ཡིས་ཚོགས་བཅར་བ་ཚོར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་དང་ཧོང་ཝན་ཇི་གཙུག་ལག་ཁང་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་རྙིང་པའི་སྐོར་དང་། དུས་སྟོན་འདི་བརྒྱུད་ནས་རྩ་ཆེ་བའི་འབྲེལ་བ་རྙིང་པ་དེ་སླར་གསོ་ཐུབ་པར་དགའ་ཚོར་བྱུང་ཚུལ་གསུངས་རྗེས་བོད་སོག་ནང་བསྟན་རིག་གཞུང་གི་ལྟེ་གནས་ཁང་གི་ཨ་ཀྱཱ་རིན་པོ་ཆེ་དང་། བཀྲ་ཤིས་ལྷུན་པོ་དགོན་པའི་གཟིག་རྒྱབ་རིན་པོ་ཆེ་གཉིས་ནས་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་། བོད་ནང་ཆོས་དད་རང་དབང་གི་གནས་སྟངས་སྐོར། ཨ་ཀྱཱ་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེ་བའི་རྒྱུ་མཚན་སྐོར་གསུང་བཤད་གནང་ཞིང་། གཟིག་རྒྱབ་རིན་པོ་ཆེས་བློ་ལྡོག་རྣམ་བཞིའི་གསུང་ཆོས་གནང་ཡོད།
ཀི་འོ་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཆེན་མོ་ཨི་མོ་ཏོ་ཡུ་ཀི་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། ཀྲོག་ཀྱོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཧོ་ཤི་དབྱི་སུ་མི་ལགས་ཀྱིས་བོད་ཀྱི་གཏམ་རྒྱུད་ཀྱི་རིག་གཞུང་ཕུན་སུམ་ཚོགས་པའི་སྐོར་གསུངས། ཁོང་མོས་མི་རོ་གསེར་སྒྲུང་ཞེས་པའི་གཏམ་རྒྱུད་དེ་བསྒྱུར་ཡོད་ཅིང། དེ་དང་འབྲེལ་ཏེ་ཁོང་མོས་གཏམ་རྒྱུད་དེ་འགོ་ཇི་ལྟར་བརྩམས་པ་དང་། དེས་བོད་ཀྱི་ཆོས་དང་རིག་གཞུང་ཇི་ལྟར་མཚོན་པའི་སྐོར་ངོ་སྤྲོད་གནང་། བཞུགས་སྒར་རྡ་རམ་ས་ལའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་ཐོན་པའི་འབུམ་རམས་པ་ཨོ་གྷ་བ་ལགས་ཀྱིས་བོད་སྨན་ལ་སློབ་སྦྱོང་བྱས་པའི་ཉམས་མྱོང་དང་། ནང་པའི་སེམས་ཁམས་རིག་པ་དེ་བོད་སྨན་གྱི་ཉམས་ལེན་ཁྲོད་དུ་ཇི་ལྟར་ཟུང་དུ་སྦྲེལ་ཡོད་ཚུལ་སོགས་གསུངས། བོད་ཀྱི་དུས་ཆེན་གྱི་ཁོར་ཡུག་ཀུན་ཏུ་བོད་ལུགས་རླུང་རྟ་དར་འཛུགས་དང་། བོད་ཀྱི་ཅ་དངོས་འགྲེམས་སྟོན། བོད་ཟས་ཟ་ཁང་། འགྲེམས་སྟོན་སོགས་བཙུགས་ཡོད་པ་དང་། ཉིན་རེའི་ཕྱི་དྲོ་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་དང་། ཏེ་ར་ཧ་ར་ཏ་རོ་ལགས། བསྟན་འཛིན་ཀུན་བཟང་ལགས། བསྟན་འཛིན་ལགས་བཅས་ནས་གཞས་སྣ་གཟིགས་འབུལ་དང་། ཚོགས་བཅར་བ་རྣམས་ལ་བོད་ཀྱི་ཞབས་བྲོ་སློབ་ཁྲིད། མཐར་སྒོར་གཞས་ལ་མཉམ་རོལ་གྱིས་དགའ་སྤྲོའི་ངང་ཉིན་མཇུག་སྒྲིལ་གྱི་ཡོད།
སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དུས་ཆེན་མཇུག་བསྡུ་བའི་གསུང་བཤད་དུ། དུས་ཆེན་གོ་སྒྲིག་ཞུ་ཡུལ་ཙུ་ཀི་ཇི་ཧོང་ཝང་ཇི་ལྷ་ཁང་དང། རིན་པོ་ཆེ་རྣམ་པ། གསུང་བཤད་གནང་མཁན། དེ་བཞིན་དང་བླངས་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་བཅས།།