༄༅། །ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡ ནས་ ༡༢ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་ཟབ་སྦྱོང་དེ་བཞིན་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་རྒྱབ་ལེགས་པར་མཇུག་བསྒྲིལ་ཡོད།
ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་གཙོས་པའི། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། ཁྱད་སྟོན་པ་དཔལ་ལྡན་རྣམ་རྒྱལ་ལགས་བཅས་ཚོགས་ཕེབས། མཛད་སྒོའི་ཐོག་མར་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་འདིའི་དགོས་དམིགས་དང་། ཚོགས་བཅར་བའི་ཡོང་ཁུངས། ཉིན་རེའི་ལས་རིམ། དེ་བཞིན་ཚོགས་བཅར་བས་འཛིན་གྲྭའི་ནང་དོ་སྣང་མཉམ་ཞུགས་བྱེད་སྟངས་སོགས་ཀྱི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་གནང་།
དེ་རྗེས་ཁྱད་སྟོན་པ་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་ང་ཚོ་ཚང་འཁོར་བ་འདི་ནང་སྐྱེ་བ་བླངས་ཕྱིན་ནམ་ཞིག་འཆི་རྒྱུ་ཡིན་སྟབས། མི་ཚེ་ནང་ལས་ཀ་གང་ཞིག་བྱས་ཀྱང་འགྱོད་པ་མེད་པའི་ཐོག སྤྱི་ཚོགས་ལ་ཕན་པའི་བྱ་བ་ཞིག་ཡིན་ན་དེ་བས་ཀྱང་གོ་ཆོད་པ་རེད། ང་རང་སྒེར་ལ་མཚོན་ན་མི་ཚེ་ཧྲིལ་པོ་དགེ་རྒན་གྱི་བྱ་བར་གཞོལ་ན་འགྱོད་པ་མེད་པ་ཞིག་ཡོང་ས་རེད་བསམ་གྱི་ཡོད་པས། ཁྱེད་རྣམ་པ་ཡང་མི་ཚེ་ཧྲིལ་པོར་དགེ་རྒན་གྱི་བྱ་བར་ལྷག་བསམ་རྣམ་དག་གིས་གཞོལ་ན་འགྱོད་པ་མེད་པ་ཞིག་ཡོང་གི་རེད་གསུངས། སྐབས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་གཞི་རིམ་འོག་མའི་སློབ་ཚན་གཞན་གྱི་དགེ་རྒན་གྱི་བོད་ཡིག་ཀློག་རྩལ་དང་འབྲི་རྩལ་གོང་མཐོར་གཏོང་རྒྱུར་གཏན་འཁེལ་ལྟར་དེ་ཐོག་སྦྱོང་བརྡར་ཞུས་ཤིང་། མ་འོངས་པར་གཞི་རིམ་འོག་མའམ་བར་མའི་བོད་ཡིག་དགེ་རྒན་རྣམས་ལ་འཛིན་གྲྭའི་ནང་བྱེད་སྒོ་སྤེལ་སྟངས་དང་སློབ་ཁྲིད་ཐབས་ལམ་ཐོག་ཟབ་སྦྱོང་གོ་སྒྲིག་ཐུབ་ན་སློབ་ཕྲུག་ཚོའི་བོད་ཡིག་ཡར་རྒྱས་ལ་ཕན་ཐོགས་ཡོང་ངེས་དང་། ཤེས་རིག་ལས་ཁུངས་ནས་དགེ་རྒན་གྱི་རྩོམ་ཡིག་སྤེལ་སའི་གོ་སྐབས་བསྐྲུན་གནང་བའི་ནང་དགེ་རྒན་ངོས་ནས་མཉམ་ཞུགས་མང་ཙམ་གནང་སྟེ་སོ་སོའི་བོད་ཡིག་གི་འབྲི་རྩལ་མཐོར་འདེགས་དགོས་པ་སོགས་ཀྱི་སྐོར་གསུངས།
དེ་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་བོད་ནང་རྒྱ་མིས་བོད་ཕྲུག་ཚོར་བོད་ཡིག་སྦྱོང་སྤྱོད་བྱེད་སའི་གོ་སྐབས་མང་པོ་ཞིག་ལ་བཀག་འགོག་དང་བསམ་བློ་རྒྱ་རིགས་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པའི་སྐབས་འདིར། ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་ནས་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་རིག་གཞུང་དང་མི་ཚེའི་མདུན་ལམ་ཐོག་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་སྒྲུབ་ཐུབ་ན་དེ་ལས་ལྷག་པའི་སྒྲུབ་པའི་མཆོད་པ་མེད་པས། དེའི་བསོད་ནམས་ཀྱིས་སོ་སོ་སྒེར་དང་ནང་མིར་བྱ་བ་ལམ་འགྲོ་ཡོང་རྒྱུ་རེད་གསུངས། དེང་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཤེས་ཡོན་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་སྔར་ལྷག་སྤུས་ཚད་ཡག་ཏུ་ཕྱིན་པའི་རྣམ་པ་ཡོད་པ་དང་ཆབས་ཅིག ཡ་རབས་བཟང་སྤྱོད་ཀྱི་གནས་སྟངས་ཇེ་ཞན་དུ་འགྲོ་གི་ཡོད་པའི་ལབ་གླེང་ཡོང་གི་ཡོད་སྟབས། རྒན་ལགས་རྣམ་པས་ཕྲུ་གུ་ཚོར་ཤེས་ཡོན་སློབ་སྦྱོང་དང་ལྷན་དུ་བོད་ཀྱི་ཐུན་མིན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྣམས་ཀྱང་བསྐྲུན་ཐུབ་པ་གནང་དགོས། ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་སློབ་གསོ་སྤྲོད་རྒྱུར་ཚོགས་ཐུན་བཀོད་སྒྲིག་དང་ལས་རིམ་སྣ་མང་གོ་སྒྲིག་ཞུ་ཡི་ཡོད་ཀྱང་། སློབ་གསོ་ཡག་ཤོས་ནི་རྒྱུན་དུ་དགེ་རྒན་ལས་བྱེད་རྣམ་པའི་ཕྱག་ལས་དང་བཀའ་མོལ་གནང་སྟངས། དེ་བཞིན་བསམ་བློ་དང་སེམས་ཁུར་བཞེས་ཕྱོགས་ཀྱི་ཐོག་ནས་མིག་དཔེ་སྟོན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེ་བ་ཡིན། ང་ཚོ་བོད་པ་ཞིག་ཡིན་ཕྱིན་མི་རིགས་གཞན་པའི་དགེ་རྒན་ལས་འགན་ཁུར་ཆེ་བ་ཡོད་པའི་འདུ་ཤེས་དེ་ནམ་ཡང་མ་ཉམས་པ་དགོས། དེང་སང་ང་ཚོའི་ཕྲུ་གུ་ཚོའི་བོད་ཡིག་འབྲི་ཀློག་གི་གནས་སྟངས་དེ་སྔ་ལས་ཅུང་བཟང་དུ་ཕྱིན་ཡོད་ཀྱང་། སྐད་ཆ་ཤོད་སྐབས་སྐད་རིགས་བསྲེས་ལྷད་ཀྱི་དཀའ་ངལ་ཆེ་ཙམ་ཡོང་གི་ཡོད་པ་རྣམས་རིམ་པས་བསལ་ཐབས་བྱ་དགོས་པ་སོགས་ཀྱི་ལམ་སྟོན་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་ཞུས་ཏེ། ཟབ་སྦྱོང་འདིའི་ལས་རིམ་ཁག་ལ་བལྟས་ཚེ་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་བཞིན་ལས་རིམ་བསྒྲིགས་ཡོད་པའི་ཚོར་སྣང་བྱུང་ཞིང་། གོང་གི་གསུང་བཤད་པས་གསུངས་པ་ལྟར། དགེ་རྒན་གྱི་ལས་གནས་ནི་ཚེ་འདི་ཕྱི་གཉིས་ཀར་ཕན་ཐོགས་ཡོད་ཅིང་། དགེ་རྒན་ཞིག་གིས་སོ་སོའི་ལས་འགན་ཡག་པོ་སྒྲུབ་ན་ཉིན་རེར་འདོད་བློ་ཚིམས་པ་ཡོང་རྒྱུ་ཡོད་པ་དང་། དེ་མིན་འཛིན་སྐྱོང་གི་ལས་དོན་མང་ཆེ་བར་ཉིན་ལྟར་འདོད་བློ་ཚིམས་པ་ཞེས་པ་ཡོང་རྒྱུ་ཁག་པོ་རེད། ད་ལྟ་ཁྱེད་རང་ཚོས་སློབ་ཁྲིད་བྱེད་སའི་སློབ་ཕྲུག་ཁྲོད་མ་འོངས་པའི་སྲིད་སྐྱོང་དང་། བཀའ་བློན། སྨན་པ་སོགས་ལས་རིགས་འདྲ་མིན་བྱེད་ཐུབ་པའི་ནུས་པ་ཡོད་སྟབས། ཁྱེད་རྣམ་པས་ཕྲུ་གུ་དེ་ཚོའི་ནུས་པ་དང་ས་བོན་དེ་སྐྱེད་སྲིང་ལ་འཐུས་ཤོར་མི་འགྲོ་བ་ཞིག་ངེས་པར་དུ་བྱ་དགོས། དགེ་རྒན་དང་ཕ་མ་སུ་འདྲ་ཞིག་ཡིན་རུང་སོ་སོའི་ཕྲུ་གུ་དེ་ཚོའི་བསམ་བློའི་འཁྱེར་སོ་དང་མི་ཚེའི་ཁ་ཕྱོགས་གང་འདྲ་ཞིག་འབྱུང་ན་སྙམ་པ། དེ་བཞིན་དུ་དགེ་རྒན་དང་ཕ་མ་རྣམས་ནས་ཁོང་ཚོའི་མདུན་དུ་ལག་ལེན་གྱི་ཐོག་ནས་མིག་དཔེ་བསྟན་ཐུབ་པ་བྱ་རྒྱུ་གལ་ཆེ།
བོད་ནང་རིག་གནས་གསར་བརྗེ་ཟེར་བའི་དུས་སྐབས་སུ་རྙིང་བཞི་རྩ་གཏོར་ཞེས་པའི་ལས་འགུལ་འོག་ནས་བོད་ཀྱི་རིག་གནས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་འགོག་རྐྱེན་ཆེན་པོ་བཟོས། འོན་ཀྱང་བོད་པ་སྤྱི་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་རིག་གཞུང་ཐད་ལ་ཞེན་ཟབ་མོ་ཡོད་པའི་དགེ་རྒན་རྣམ་པས་རྒྱ་མིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་འགོག་རྐྱེན་མི་བཟོ་བའི་སླད། མའོ་ཙེ་ཏུང་གི་གསུང་བཤད་སོགས་བོད་སྒྱུར་གྱིས་བོད་ཕྲུག་ཚོས་བོད་ཡིག་ལྟ་ཀློག་དང་སྦྱོང་སྤྱོད་ཐུབ་པའི་ཐབས་ཤེས་གང་དགའ་ཅི་དྲག་བྱས་པ་རེད། བོད་ཡིག་བརྒྱུད་སློབ་ཚན་གཞན་ཁྲིད་པའི་ལས་རིམ་དེ་བོད་ནང་ལམ་ལྷོངས་བྱུང་ཡོད་ཀྱང་། ཕྱི་ལོ་ ༡༩༩༦ ཙམ་ནས་རྒྱ་ནག་གིས་བཀའ་འགོག་དམ་དྲག་བྱས། ང་ཚོ་བོད་མིའི་གདོང་རིས་ནི་བལ་པོ་དང་། རྒྱ་མི། དེ་བཞིན་ཉི་འོང་སོགས་ཨེ་ཤི་ཡའི་མི་རིགས་མང་པོ་དང་འདྲ་བས། ཕྱིའི་སྣང་ཚུལ་གཅིག་པུས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་ཐབས་མེད་སྟབས། བོད་མི་ཞེས་པ་འཛམ་གླིང་འདི་ནང་གསོན་གནས་ཐུབ་པའི་དྲིན་ནི་བོད་ཀྱི་སྐད་ཡིག་ཉག་ཅིག་ལ་ཡོད་པ་ཡིན་སྟབས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་ཐབས་ཇུས་མང་པོ་ལག་བསྟར་བྱེད་བཞིན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཁུལ་དུ་བོད་ཡིག་བཀོལ་སྤྱོད་ལ་དམ་དྲག་སྔ་མོ་ནས་ཡོད་ཀྱང་། མདོ་སྟོད་སྨད་ཁུལ་དུ་བོད་ཡིག་སྦྱོང་བའི་གུ་ཡངས་ཅུང་ཟད་ཡོད་ནའང་། ཕྱི་ལོ་ ༢༠༡༠ ཙམ་ནས་མདོ་སྟོད་སྨད་ཁུལ་དུའང་དམ་དྲག་ཇེ་ཆེར་སོང་སྟེ། བོད་ཡིག་བརྒྱུད་ནས་སྦྱོང་བའི་སློབ་ཚན་མང་པོ་ཞིག་རྒྱ་ཡིག་ཏུ་བསྒྱུར་བའི་སེམས་སྡུག་གིས། ཕྱི་ལོ་ ༢༠༡༢ ལོར་ཚེ་རིང་སྐྱིད་ཟེར་བའི་བུ་མོ་ལོ་ཆུང་ཆུང་ཞིག་རང་ལུས་མེར་བསྲེགས་ཀྱིས་སྐད་ཡིག་སྲུང་སྐྱོབ་ཐུབ་ན་སྙམ་སྟེ་བློས་གཏོང་ཆེན་པོ་བྱས་ཤིང་། དེ་མིན་བོད་ནང་བོད་མི་མང་པོ་ཞིག་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སླད་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་མང་པོ་བྱུང་ཡོད་པ་རེད། མདོར་ན་བོད་ནང་སྐད་ཡིག་སྲུང་སྐྱོབ་སོགས་ལ་རང་དབང་མེད་པའི་ཁར་རང་སྲོག་འབེན་ལ་འཛུགས་དགོས་ཀྱང་། མི་རིགས་ཀྱི་ལ་ཞེན་ཟབ་མོ་ཡོད་པས་སྙིང་སྟོབས་ལ་ནམ་ཡང་ཞུམ་པ་མེད། དེས་ན་འཛིན་སྐྱོང་ནས་མཐུན་རྐྱེན་སྦྱོར་སྤྲོད་བྱ་རྒྱུ་དང་། ལས་དོན་ལ་འཇུག་མཁན་ནི་རྒན་ལགས་རྣམ་པ་ཡིན་སྟབས་ངེས་པར་དུ་སེམས་ཤུགས་བསྐྱེད་དེ་འགན་ཁུར་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་།
དེ་ནས་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་མཇུག་བསྡོམས་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ་རྒན་ལགས་རྣམ་པ། དེ་བཞིན་ཟབ་སྦྱོང་འདིར་དངོས་ཤུགས་བརྒྱུད་ནས་ཕྱག་རོགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་མཇུག་བསྒྲིལ་ཡོད་པ་བཅས།།