༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༣ ནས ༡༦ བར་ཉིན་གྲངས་བཞིའི་རིང་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་གཞི་རིམ་བར་མའི་ཚན་རིག་སློབ་ཚན་གཏན་འབེབས་ཀྱི་ཚོགས་འདུ་ཞིག་སྐོང་འཚོགས་གནང་།
དེ་ཡང་གོང་ཚེས་ཉིན་གཞི་རིམ་བར་མའི་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག་བསླབ་གཞིའི་རྩ་འཛིན་དགོངས་དོན་ལྟར། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སློབ་དེབ་ལས་ཚན་རིག་སློབ་དེབ་རྩོམ་སྒྲིག་པས་རྩོམ་སྒྱུར་ཞུས་པའི་འཛིན་རིམ་བདུན་པའི་ཚན་རིག་སློབ་ཚན་ལྷག་མ་གཉིས་གཏན་འབེབས་གནང་བ་དང་། རྩོམ་སྒྱུར་ཞུ་འཆར་གྱི་འཛིན་རིམ་བརྒྱད་པའི་ཚན་རིག་སློབ་དེབ་ཀྱི་སློབ་ཚན་དཀར་ཆག་བཟོ་འགོད་དང་། རྩོམ་སྒྱུར་ཞུ་སྟངས་ཐད་གྲོས་བསྡུར་གང་ལེགས་བྱུང་།
ཐེངས་འདིའི་ཚོགས་འདུ་རུ་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས་དང་། སློབ་དེབ་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས་དང་ལྷུན་འགྲུབ་རྣམ་རྒྱལ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་ཚན་རིག་དགེ་རྒན་བསྟན་འཛིན་ལྷ་སྒྲོན་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་ (DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས། །